104171
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགའ་ལྡན་གསེར་ཁྲི་ང་གཅིག་པ་རྟ་དབོན་ངག་དབང་དཔལ་ལྡན་གྲགས་པའམ་ཧོར་གཙང་གསེར་ཁྲི་སྐུ་ཕྲེང་དང་པོ་ནི། མདོ་སྨད་ལྷོ་རྒྱུད་ཧོར་གཙང་ཀོ་ཉིན་ཞེས་པའི་ས་ཡི་ཆར། ཡབ་མགོན་པོ་སེངྒེ་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་འཁྲུངས། དབུས་སུ་རྟ་ཚག་ངག་དབང་དཀོན་མཆོག་ཉི་མའི་དྲུང་ལས་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་དུ་མདོ་སྔགས་ཀྱི་གཞུང་ལ་གསན་སྦྱོང་མཛད། གནས་ཆུང་ཆོས་སྐྱོང་གིས་འདིར་བསྡད་ན་ཝརྣའི་ཁྲིར་དབང་ཞེས་ལུང་ཕེབས། རྒྱུད་སྟོད་དང་ཤར་རྩེའི་ཁྲིར་མཛད་རྗེས་སུ་ཕྱི་ལོ་ ༡༧༢༡ རབ་བྱུང་བཅུ་གཉིས་པའི་ལྕགས་གླིང་ལོར་གསེར་ཁྲིར་ཕེབས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་དངོས་སློབ་དགའ་ལྡན་ཁྲི་ཆེན་བཞི་བྱོན་པའི་ཡ་གྱལ་ཡིན། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་བྱང་ཆུབ་སེམས་ཀྱི་མངའ་བདག་ཏུ་བསྔགས། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད། རྒྱལ་དབང་མཆོག་གི་བཀའ་ལྟར་མཚོ་སྔོན་དུས་ཟིང་བྱུང་བར་ཆིངས་འགྲིག་ཏུ་ཕེབས་པར་མཛད་དེ་སྐྱེ་འགྲོ་བདེ་ལ་བཀོད། རྒྱལ་དབང་མཆོག་དང་ལྷན་ཁམས་ཕྱོགས་སུ་ཕེབས་སྐབས་ཕྱི་ལོ་ ༡༧༢༩ རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ཡི་ལོའི་ཧོར་ཟླ་བཅུ་གཅིག་པའི་ཉི་ཤུ་ཉིན་ཞི་བར་གཤེགས། ། གདུང་རུས་ལ་ཡིག་འབྲུའི་རྣམ་པ་ཤིན་ཏུ་གསལ་བ་དང། ཐུབ་དབང་དང་འཇམ་དབྱངས། གསང་བདག་གི་སྐུ་སོགས་དང་། ཡ་མ་ར་ཛཱའི་སྔགས་ཕྲེང་། དབུ་ཐོད་ལ་འཇིགས་བྱེད་རང་བྱོན་བཅས་ངོ་མཚར་བའི་མཚན་མ་མང་དུ་བྱུང་ངོ་། ། |