10437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང་སེམས་དཔའ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བོན་ལུགས་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་རྒྱུད་ལ་ཡོད་པའི་གང་ཟག་ལ་དེ་སྐད་ཅེས་བརྗོད་དེ། མདོ་གཟེར་མིག་ལས། དད་པ་ཤེས་རབ་ལྡན་པའི་རྒྱལ་བུ་ཁྱོད། གཡུང་དྲུང་སེམས་དཔའི་རིགས་སུ་ངེས་པར་འདུག ཅེས་དང་། སྨན་རིའི་མཁན་ཆེན་ཀུན་མཁྱེན་ཉི་མས་མཛད་པའི་ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས། གནས་སྐབས་ཀྱི་ཕན་ཡོན་ནི། རང་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེས་པ་ཙམ་གྱིས། མིང་འཕོས་ནས། རྒྱལ་བའི་སྲས་སམ་གཡུང་དྲུང་སེམས་དཔའམ། བྱང་ཆུབ་སེམས་དཔའ་རུ་འགྱུར་བ་དང༌། དོན་འཕོས་ཏེ། ཐེག་ཆེན་གྱི་ལམ་རྒྱུད་ལ་སྐྱེས་ནས། སྡིག་པ་ཟད་པ་དང༌། བསོད་ནམས་དཔག་ཏུ་མེད་པ་དང༌། སྡེ་སྣོད་ཀྱི་དོན་རྣམས་མཁྱེན་པ་དང༌། འགྲོ་དོན་མཐའ་རུ་ཕྱིན་པ་སོགས་དང༌། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་མྱུར་དུ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར། ཞེས་གསུངས་སོ། ། དེ་ཡང་བྱང་ཆུབ་སེམས་དཔའ་དང་དོན་གཅིག་ཅིང་། རྒྱུན་པར་གཞན་དོན་དུ་བྱང་ཆུབ་སྒྲུབ་པའི་གྲོགས་ཁྱད་པར་ཅན་སྙིང་རྗེ་ཚད་མེད་ལ་སོགས་ཚད་མེད་བཞིའི་སྤྱོད་ལམ་དང་མ་བྲལ་བ་སེམས་ཅན་རྣམས་ཀྱི་སྲོག་ལ་གནོད་འཚེ་སྤངས་ཞིང་གསོ་བ་ལ་དགའ་བའི་ཐེག་པ་ཆེན་པོའི་གང་ཟག་ཞིག་གོ ། དེ་ལ་ནང་གསེས་སེམས་དཔའ་དང་སེམས་དཔའ་ཆེན་པོའི་རིགས་གཉིས་སོ། །དེའི་ཚིག་དོན་ནི། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་(འདུལ་བ་མདོར་བསྡུས་ཀྱི་འགྲེལ)ལྟར། སྐྱེ་ཤི་མེད་པས་ན་གཡུང་། འདུ་འབྲལ་མེད་པས་ན་དྲུང་སྟེ་བྱང་ཆུབ་བོ། །གཞན་དོན་དུ་བྱང་ཆུབ་དེ་ཉིད་ཐོབ་པར་སེམས་ཞིང་། འཁོར་བ་དང་མི་མཐུན་ཕྱོགས་ལས་རྒྱལ་བས་ན་དཔའ་ཞེས་ཀྱང་གསུངས་སོ། །
Domain ཆོས་ལུགས།