104683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྙིང་མ། ཨ་ནུ་ཡོ་ག་ནི། དབང་སྒྱུར་ཐབས་ཀྱི་ཐེག་པའམ་ནང་རྒྱུད་སྡེ་གསུམ་ལས་རྫོགས་རིམ་གཙོ་བོར་མཛད་པའི་ཐེག་པ་སྟེ། མཚན་གྱི་རྣམ་གྲངས་ལ། རྗེས་སུ་རྣལ་འབྱོར་དང་། མ་རྒྱུད་ཨ་ནུ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་ཞེས་ཀྱང་གྲགས་ཤིང་། འདིའི་ལུགས་ཀྱི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཨ་ནུའི་འཇུག་སྒོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ། དབང་མཆོག་སུམ་ཅུ་རྩ་དྲུག་གིས་སྨིན་པར་བྱས་ནས། ལྟ་བ་དབྱིངས་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། ཡུལ་ཅན་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དང་། དེ་གཉིས་ངོ་བོ་དབྱེར་མེད་པ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་དུ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པས་གཏན་ལ་ཕབ་ནས། སྒོམ་པ་ནི། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྩལ་སྣང་ལྷའི་དཀྱིལ་འཁོར་དུ་གསལ་བ་གྲོལ་ལམ་དང་། ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པར་བྱེད་ཅིང་། སྤྱོད་པ་སྣང་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ཤེས་པའི་སྒོ་ནས་བླང་དོར་མེད་པར་སྤྱོད་པའི་ཉེ་རྒྱུས། འབྲས་བུ་ལམ་ལྔའི་ངོ་བོར་གྱུར་པའི་རྣལ་འབྱོར་ལྔ་དང་། ས་བཅུ་མཐར་ཕྱིན་པར་བྱེད་དེ། ཞེས་དང་། དེ་ལྟར་(ཚོགས་སྦྱོར་མཐོང་སྒོམ་)སློབ་པའི་ལམ་བཞི་མཐར་ཕྱིན་ནས་འབྲས་བུའི་དབང་བསྐུར་བའི་མཐའ་རྟེན་ཁུ་རྡུལ་རླུང་གསུམ་གྱི་རྒྱུ་བ་ཕྲ་བ་རྒྱུན་ཆད་པས་བརྟེན་པ་ཤེས་རིག་ཕྲ་བའང་དག་སྟེ། འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོའི་སྐུ་མངོན་དུ་འགྱུར་བ་འདོད་པ་ཡིན་ནོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |