105092
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདི་པ་ཀིརྟི་རོང་དགོན་གྱི་ཉེ་འདབས་སུ་ཙོམ་ཞེས་པའི་ཁྱིམ་དུ་ཡབ་ནོར་བུ་དང་ཡུམ་སྐྱིད་མ་མཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༩ ལོར་འཁྲུངས། སྐུ་གོང་མ་འདས་ནས་ལོ་ཤས་རྗེས་ཨ མཆོག་ལྷ་སྡེ་མི་སྡེ་ཡོངས་ཀྱིས། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་ལ་ཡང་སྤྲུལ་ངོས་འཛིན་དགོས་པའི་གསོལ་འདེབས་ཞུས་དོན་བཞིན། རྗེ་དེ་ཉིད་ཀྱིས་ཉིན་ཞག་བདུན་ལ་བརྟག་པ་མཛད་དེ་རྗེ་འདི་ཉིད་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་དཔལ་ལྡན་སྨྲ་བའི་སེང་གླིང་དུ་གདན་སར་བཀོད་ཅིང་དགེ་བཤེས་ཚུལ་ཁྲིམས་གྲགས་པ་ཡོངས་འཛིན་དུ་བསྐོས། བརྡ་སྤྲོད་དང་རིག་གནས་སོགས་བསླབས། དགུང་ལོ་བཅུ་གསུམ་པ་ནས་འགྲེལ་ཆུང་དོན་གསལ་ཐུགས་འཛིན་དང་། གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་ཚོགས་ཆོས་འགྲིམས་ཏེ་གསན་བསམ་མཐར་ཕྱིན། སྐུ་ཞང་ངག་དབང་ཆོས་འཕེལ་སོགས་ལས་མདོ་སྔགས་ཅི་རིགས་ཀྱི་ཁྲིད་ལུང་མན་ངག་སོགས་མང་དུ་གསན། དགུང་གྲངས་བཅུ་བདུན་པར་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད། སློབ་གཉེར་ལོ་ཤས་ཙམ་གནང་ཡང་རང་ཡུལ་དུ་གདན་ཞུས་ལྟར་མདོ་སྨད་དུ་ཕེབས། དགུང་ལོ་ཉེར་བདུན་པར་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ། དབང་ལུང་མན་ངག་གི་གཏེར་མཛོད་ཨ་ཁུ་ཤེས་རབ་རྒྱ་མཚོ་ལས་བསྙེན་པར་རྫོགས། དམ་པ་དེ་ཉིད་ཀྱིས་འབྲལ་སྤངས་ཐུབ་དབང་གི་སྐུ་ཞིག་གནང་སྟེ། འདི་ངེད་ལ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་སྩལ་ནས་རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་གྱིས་ཞེས་གསུངས་བྱུང་བ་ལྟར། ངེད་ཀྱིས་ཀྱང་ཁྱེད་ལ་ཕུལ་བ་ཡིན་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པར་མཛོད་ཅིག་ཅེས་གསུངས། བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དང་། སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན། གུང་ཐང་རིན་པོ་ཆེ་སྐུ་ཕྲེང་སྔ་ཕྱི། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་བླ་སྤྲུལ་དགེ་འདུན་ཤིན་ཏུ་མང་པོ་ལ་དབང་ལུང་ཁྲིད་གསུམ་མནོས། རང་འོག་གི་དགོན་མ་ལག་བདུན། རྒྱལ་རོང་རྒྱལ་ཁམས་གསུམ། རྔ་བ་སྟོད་སྨད། ཁྲོ་ཁོ། མཛོད་དགེ མགོ་ལོག་སོགས་སུའང་འགྲོ་དོན་རྒྱ་ཆེར་བསྐྱངས། དགུང་གྲངས་གོ་དྲུག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ ལོའི་ཧོར་ཟླ་ ༡ ཚེས་ ༢༤ ཉིན་སྐུ་ཞི་བར་གཤེགས། |
{{#arraymap:ཨ་མཆོག་སྐུ་ཕྲེང་གསུམ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་
|; |@@@ | | }}