10510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡེར་གཤོང་འཇམ་དབྱངས་བློ་གྲོས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཡོས་ལོ་སྟེ་ཕྱི་ལོ་ ༡༦༥༡ ལོར་མདོ་སྨད་རེབ་སྐོང་ཤ་སྦྲང་དུ་སྐུ་འཁྲུངས། སྐུ་གོང་མ་ནི་གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན། ཆུང་དུས་ནས་ཤ་སྦྲང་འཇམ་དབྱངས་རྒྱ་མཚོ་ལས་རབ་བྱུང་བསྒྲུབས། ཉ་ལུང་དགེ་སློང་བདེ་བའི་འབྱུང་གནས་ལས་ཡི་གེའི་སྦྱོར་ཀློག་དང་། ལྷ་བྲིས་པ་འགྲོན་ལུང་དགེ་སློང་ལས་བཟོ་རིག་སྦྱངས། རིག་གནས་སྤྱི་དང་ཁྱད་པར་བྲིས་འབུར་གྱི་བཟོ་རྩལ་ཤིན་ཏུ་མཁས་པས་ཤ་སྦྲང་ལྷ་བཟོ་ཞེས་གྲགས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ལས་བསྙེན་པར་རྫོགས། ཟབ་ཆོས་མཐའ་ཡས་པ་གསན། དབུས་སུ་ཕེབས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་གཙང་རྒྱུད་གཉིས་ལ་རིམ་བཞིན་ཞུགས། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱལ་སྲས་བློ་བཟང་བསྟན་འཛིན། ཁྲི་ཆེན་བློ་གྲོས་རྒྱ་མཚོ། དཔོན་སློབ་བློ་བཟང་མགོན་པོ་སོགས་ཀྱི་ཞབས་ལ་གཏུགས། མདོ་རྒྱུད་ཀྱི་གཞུང་ལ་མི་འཇིགས་པའི་གདེངས་བརྙེས། སྔགས་རམས་པའི་མཚན་བཏགས་བཞེས། ཕྱིར་མདོ་སྨད་དུ་ཕེབས། བ་སོ་རྗེ་དྲུང་དཀོན་མཆོག་ཉི་མ་སོགས་ཀྱི་ཞབས་ལ་གཏུགས། རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བཅས་པའི་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ ༡༦༩༦ ལོར་གཡེར་གཤོང་བསམ་གཏན་ཆོས་འཕེལ་གླིང་གསར་འདེབས་མཛད། མདོ་སྔགས་ལམ་རིམ་གྱི་འཆད་ཉན་བཙུགས། རྟེན་དང་བརྟེན་པ་གསར་བཞེངས་མཛད། སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་ངག་དབང་འཕྲིན་ལས་རྒྱ་མཚོ། མཁན་ཆེན་དགེ་འདུན་རྒྱ་མཚོ། ཀུན་གཟིགས་བློ་བཟང་ཆོས་གྲགས་རྒྱ་མཚོ། ཐུའུ་བཀྭན་ཆོས་ཀྱི་རྒྱ་མཚོ། བྱང་ཆུབ་མི་ལ། ཆུ་དམར་བློ་བཟང་རྒྱ་མཚོ། རྗེ་ཤེས་རབ་བཀྲ་ཤིས། འགའ་དྭགས་ངག་དབང་འོད་ཟེར་བཅས་ཡིན། གསུང་རྩོམ་ནི་པོད་གཉིས་བཞུགས། གྱ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང་ལོ་སྟེ་ཕྱི་ལོ་ ༡༧༣༣ ལོར་སྐུ་གཤེགས། གཡེར་གཤོང་སྐུ་ཕྲེང་དང་པོ་ཡིན།

{{#arraymap:གཡེར་གཤོང་འཇམ་དབྱངས་བློ་གྲོས་

|; |@@@ | | }}