1081

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུའི་སྐྱེ་གནས་སུ་སྐྱེ་བའི་སྒྲིབ་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ༡ སེམས་ཅན་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་ཞིང་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་དག་ཡིན་ལ་མྱུར་དུ་འདོད་པ་རྣམས་ལ་ཉེས་དམིགས་སུ་ལྟ་བ་མ་ཡིན་ཞིང་ཤིན་ཏུ་སྦྱིན་པ་ལ་མངོན་པར་བརྩོན་ལ་ལག་པ་བརྐྱང་བ་དག་ཡོད་དེ། དེ་དག་སྨོན་ལམ་གྱི་དབང་གིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༢ ཡང་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་བའི་སེམས་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་དག་ཡོད་དེ། དེ་དག་གིས་ཚུལ་ཁྲིམས་ཐམས་ཅད་རྫོགས་པར་སྐྱོན་མེད་པར་སྲུང་བར་ནི་མ་ནུས་སོ། །དེ་དག་སེམས་ཅན་དམྱལ་བ་དང༌། ཡི་དྭགས་ཀྱི་འཇིགས་པས་སྐྲག་ནས་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༣ ཡང་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་པར་བྱེད་ཅིང་ཤིན་ཏུ་ང་རྒྱལ་གྱིས་ཁེངས་པ་དག་ཡོད་དེ། དེ་དག་ང་རྒྱལ་གྱིས་མཐུས་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༤ ཡང་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པའི་སྤྱོད་པ་ལ་མངོན་པར་བརྩོན་པ་དག་ཡོད་དེ། དེ་དག་ཤིན་ཏུ་ཁྲོ་བ་མང་ཞིང་སེམས་ཅན་གཞན་རྣམས་ལ་རབ་ཏུ་སྡང་སྟེ། །དེ་དག་ཤ་འཁོན་ལ་བརྟེན་པས་འཆི་བའི་དུས་ཐ་མར་ཀླུ་རྣམས་ཀྱི་ནང་དུ་སྨོན་ལམ་འདེབས་ཏེ། དེ་དག་སྨོན་ལམ་གྱིས་དེར་སྐྱེའོ། ། ༥ ཡང་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང་ཡང་དག་པར་ལྡན་ཞིང་སྣོད་དུ་གྱུར་པའི་སྦྱིན་གནས་ཡོངས་སུ་བཙལ་བ་དང་མཆོད་པའི་སེམས་དང་ལྡན་པ་དག་ཡོད་དེ། དེ་དག་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༦ ཡང་སེམས་ཅན་གང་དག་སེར་སྣ་ཅན་དང་ང་རྒྱལ་གྱི་སྐྱོན་དང་ལྡན་པ་དག་ཡོད་དེ། དེ་དག་ལས་དེས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༧ ཡང་སེམས་ཅན་གང་དག་ང་རྒྱལ་ལ་མངོན་པར་དགའ་ཞིང་མུ་ཅོར་སྨྲ་ལ་བརྫུན་དུ་སྨྲ་བ་དག་ཡོད་དེ། དེ་དག་ལས་དེས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༨ ཡང་སེམས་ཅན་གང་དག་སངས་རྒྱས་ལ་གཅེས་པར་བྱེད་པ་མ་ཡིན་པ་མང་པ་དག་ཡིན་ཞིང༌། ཆོས་དང༌། དགེ་འདུན་དང༌། བསླབ་པ་དང༌། མཁན་པོ་དང༌། སློབ་དཔོན་དང༌། བླ་མའི་གནས་ལྟ་བུ་དང༌། ཕ་མ་རྣམས་ལ་གཅེས་པར་བྱེད་པ་མ་ཡིན་པ་མང་བ་དག་ཡིན་པ་ཡོད་དེ། དེའི་ཚེ་དེ་དག་ང་རྒྱལ་གྱི་རྒྱུ་དང༌། ལུས་དང༌། ངག་དང༌། ཡིད་ཆུང་ངུས་འཁྲུལ་པས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༩ ཡང་སེམས་ཅན་གང་དག་ང་རྒྱལ་དང་གཏི་མུག་གིས་ཟིལ་གྱིས་ནོན་ཅིང་མ་དུལ་ལ་སྐྱོན་མེད་པ་མ་ཡིན་པར་སྤྱོད་པ་དག་ཡོད་དེ། དེ་དག་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། ། ༡༠ ཡང་སེམས་ཅན་གང་དག་ང་རྒྱལ་དང༌། ཕྲ་མ་སྨྲ་བ་དང༌། ཚིག་རྩུབ་པོ་སྨྲ་བ་ལ་གོམས་པ་དག་ཡོད་དེ། དེ་དག་འཆི་བའི་དུས་བྱས་ནས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །
Domain ཆོས་ལུགས།