11018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་། ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ཡོས་ཕྱི་ལོ་ ༡༡༤༧ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་སྐུ་བལྟམས། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་གསན་སྦྱོང་གནང་། དགུང་ལོ་བཅུར་སོན་སྐབས་སྡོམ་པ་ཉི་ཤུ་པ་དང་། སྒྲུབ་ཐབས་མཚོ་སྐྱེས་གསན་ཆུད་མཛད་པ་མ་ཟད། བཅུ་གཉིས་པར་སོན་པ་དང་གདུལ་བྱ་གཞན་ལ་འཆད་སྤེལ་གནང་བས། ཀུན་གྱིས་བློ་གྲོས་ཆེན་པོ་ཞེས་མཚན་བཏགས། དགུང་ལོ་བཅུ་གཉིས་པའི་མཇུག་ལ་ཡབ་གཤེགས། བཅུ་གསུམ་ལ་ཕེབས་པའི་དུས་སུ་རང་གི་གཅེན་བསོད་ནམས་རྩེ་མོས་ས་སྐྱའི་གདན་སར་བསྐོ་བཞག་བསྩལ། དེ་ནས་བཟུང་སློབ་དཔོན་བསོད་ནམས་རྩེ་མོ་སོགས་མཁས་གྲུབ་ཀྱི་དམ་པ་དུ་མར་གུས་པས་བསྟེན་ཏེ། ཀྱེ་རྡོ་རྗེ་རྩ་རྒྱུད་སོགས་མདོ་སྔགས་ཀྱི་དབང་ལུང་དུ་མ་གསན་བསམ་མཛད། རྣམ་གཡེངས་དང་དོན་མེད་དུ་བཞུགས་པ་སུས་ཀྱང་མཐོང་མ་མྱོང་བར་གྲགས། དེ་ནས་མི་རིང་བར་གཞུང་ལུགས་རབ་འབྱམས་ཀུན་ལ་དཔྱིས་ཕྱིན་པའི་གོ་བ་ཚུགས། སྐུ་ཚེ་ཕལ་ཆེ་བར་ལོག་པར་སྨྲ་བའི་ཕྱོགས་རྣམས་ཆོས་དང་མཐུན་པའི་སྒོ་ནས་ཚར་བཅད། གདུལ་བྱ་སློབ་མ་རྣམས་ལ་གདམས་པ་རྒྱ་ཆེར་བསྩལ། དབུས་གཙང་ཁམས་གསུམ་དུ་མཁས་པའི་སྙན་གྲགས་ཀྱིས་ཁྱབ། ཞལ་སློབ་གཅུང་པོ་བགུག་ཤི་ཇོ་འབུམ། མི་ཉག་རྒྱལ་རྒོད་ཀྱི་བླ་མཆོད་ལ་མངགས། སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་མང་པོ་བཞེངས་བསྐྲུན་གནང་། གཅེན་བསོད་ནམས་རྩེ་མོའི་དགོངས་རྫོགས་སོགས་ལེགས་པར་ཕུལ། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་དམངས་ཀྱི་ལ་ཉེ་ལ་གཟིགས་ཏེ། དཔལ་ས་སྐྱའི་གདན་ས་དགུང་གྲངས་བཅུ་གསུམ་ནས་བདུན་ཅུའི་བར་ལོ་ལྔ་བཅུ་རྩ་བདུན་བར་དུ་མཛད་པ་དང་། ཡང་གདུང་རབས་འགའ་ཞིག་ན་དགུང་ལོ་ཉེར་དྲུག་པ་ནས་བདུན་ཅུའི་བར་ལོ་ཞེ་ལྔ་གདན་ས་མཛད་པར་ཡང་འཁོད་འདུག གང་ལྟར་ཡང་ཆོས་དང་སྲིད་ཀྱི་བྱ་བ་གང་ཐད་ནས་ཕན་པ་ལྷུར་བཞེས་གནང་། མཐར་དགུང་ལོ་བདུན་ཅུ་ཕེབས་པ་རབ་བྱུང་བཞི་པའི་མེ་བྱི་ཕྱི་ལོ་ ༡༢༡༦ ལོའི་ཟླ་བ་གཉིས་པའི་ཚེས་བཅུ་གཉིས་གཤེགས། གསུང་རྩོམ་ཐུན་མོང་མ་ཡིན་པར་ལམ་འབྲས་བརྒྱུད་པའི་གསོལ་འདེབས་དང་། བརྟག་གཉིས་འགྲེལ་པ་སོགས་དུ་མ་དང་། ཐུན་མོང་བ་སྤྱོད་འཇུག་གི་ས་བཅད། སྨན་དཔྱད་རྒྱལ་པོའི་དཀོར་མཛོད། སྨྲ་སྒོ་མཚོན་ཆའི་མཆན་འགྲེལ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་དཔེ་བྲིས་སོགས་ཆོས་ཚན་བརྒྱ་དང་བཅུ་བཞི་ལྷག་མཛད། ཐུགས་སྲས་ཀྱི་སློབ་བུ་ཡང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་དབང་ཕྱུག་གྲགས་པ་སོགས་མཁས་གྲུབ་གཉིས་ལྡན་དང་། རྒྱ་བོད་ན་སྐད་གྲགས་ཆེ་བའི་སློབ་མ་མང་དུ་སྤེལ། གསུང་རྩོམ་ཡང་སྡེ་དགེའི་ཤིང་པར་མ་པོད་བཞི་ཡོད།