1139
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་ཕག་ཕྱི་ལོ་ ༡༧༡༩ ལོར་ཆབ་མདོའི་ཡུལ་གྱི་བྱེ་བྲག་དབེན་ཕུ་ཞེས་པའི་ཆར་ཡབ་དབང་འབུམ་དང་། ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པར་དགེ་ཚུལ་གྱི་སྡོམ་པ་བཞེས། བདུན་པའི་བར་ལ་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། སྐབས་དེར་ཆབ་མདོར་ལོ་ཉེས་བྱུང་བས་སྡོད་ཐབས་བྲལ། ཚ་བ་རོང་སོགས་སུ་ཡབ་ཡུམ་དང་ལྷན་ལོ་གསུམ་ཙམ་ལ་སྤྲང་ལྡོམ་དུ་ཕེབས་པས་དཔེ་བལྟས་ཀྱི་སྐལ་བ་མ་བྱུང་། ཉི་ཤུ་ཐམ་པར་ཁམས་ལི་ཐང་དགོན་དུ་ཕེབས། ནང་དོན་རིག་པ་དང་ཚད་མ་བཅས་ལོ་གསུམ་དུ་སྦྱངས། ཉེར་བཞི་པར་དབུས་ལྷ་ལྷན་དུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད། གྲྭ་སར་ལོ་ངོ་བཅུ་ཙམ་བཞུགས་རིང་རྒྱལ་བསྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཕུར་ལྕོག་བྱམས་པ་རིན་པོ་ཆེ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་གསུམ་བསྟེན། མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་གྲགས་པ་ཐོབ། དགུང་ལོ་སུམ་ཅུའི་ཐོག་ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། ཀློང་རྡོལ་ཞུ་བའི་རྒྱུ་མཚན་ནི། གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྙེ་ཐང་ཀློང་རྡོལ་དུ་ཡུན་རིང་བཞུགས་པས་དེ་སྐད་གྲགས་སམ་སྙམ། སོ་གསུམ་ཐོག་གསང་ཕུའི་དགེ་བཤེས་གྲྭ་སྐོར་མཛད། སོ་དགུ་པར་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་གནང་སྟེ་ལོ་གསུམ་ཙམ་བཞུགས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་པའི་ཆོས་སྐོར་གང་ཡོད་གསན། དགེ་ལུགས་པའི་བླ་མ་ཡིན། ཞེ་ལྔ་ནས་སྙེ་ཐང་རྨོག་ལྕོག་ཏུ་ལོ་གསུམ། ཀློང་རྡོལ་རི་ཁྲོད་དུ་ལོ་དགུ། སྙེ་ཐང་རིན་ཆེན་གླིང་དུ་ལོ་བརྒྱད་བཅས་ལོ་ཉེར་གཅིག་རིང་རི་ཁྲོད་དུ་བྱ་བྲལ་དུ་སྒྲུབ་པ་ཉམས་བཞེས་མཛད། སྐུ་ཚེ་ཧྲིལ་པོར་འཆད་མཉན་ཉམས་ལེན་གྱི་བྱ་གཞག་ཁོ་ནས་དུས་འདའ་བ་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༧༩༥ ལོར་སྐུ་གཤེགས། སློབ་མ་མཁས་ཆེན་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་ལྟ་བུ་མང་དུ་བྱུང་། གསུང་རྩོམ་ནི་རིག་གནས་ཆེ་ཆུང་ཡོངས་ཀྱི་མིང་གི་རྣམ་གྲངས་སོགས་མངོན་བརྗོད་སྣ་ཚོགས་དང་། རྟེན་ཁྱད་འཕགས་འགའི་དཀར་ཆག རྣམ་ཐར། དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་ཐོ། ཆབ་ཤོག སྙན་ཚིག་སོགས་བསྟན་བཅོས་གོ་དྲུག་ཡོད་པ་དེ་པོ་ཏི་གསུམ་དུ་བསྡུས། ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་པར་བརྐོས་ཡོད་པས་ད་ལྟ་བཞུགས་ཡོད་མེད་མ་འཚལ། བསྟན་བཅོས་ཆེ་ཆུང་སོ་གཉིས་ཙམ་ཡོད་པ་ཀུན་བདེ་གླིང་གི་པར་མ་ཆ་ཚང་དང་། པེ་ཅིན་གྱི་པར་མ་ཆ་གཅིག་བཅས་མི་རིགས་དཔེ་མཛོད་ཁང་དུ་བཞུགས། རྣམ་ཐར་སྐོར་ཀུན་བདེ་གླིང་རྟ་ཚག་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོས་མཛད་པའི་ཀུན་སྤངས་སེམས་དཔའ་ཆེན་པོ་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་རྣམ་ཐར་རྒྱལ་སྲས་སྤྱོད་པའི་རྒྱན་ཞེས་པ་ལྷ་ས་ཞོལ་དཔར་མའི་ཤོག་གྲངས ༡༧༨ པར་གསལ། |