11409
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༥༨༡ ལོར་མདོ་སྨད་རེབ་སྐོང་བོར་ཡབ་མཁར་འབུམ་རྒྱལ་དང་། ཡུམ་གླིང་རྒྱ་བཟའ་འཁོར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་ཀློག་དང་། བྲིས་འབུར་གྱི་བཟོ་རྩལ། གཞུང་ཆེན་ཐུགས་འཛིན། ཉམས་ལེན་སོགས་མཁྱེན་རླབས་ཆེ། བཅུ་བཞི་པར་འདུལ་འཛིན་བསམ་གྲུབ་རིན་ཆེན་ལས་རབ་ཏུ་བྱུང་། ཉི་ཤུ་ཐམ་པར་ཅོ་ནེ་སངས་རྒྱས་རྒྱ་མཚོ་ལས་བསྙེན་པར་རྫོགས། པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ཡོན་ཏན་རྒྱ་མཚོ། དཀོན་མཆོག་ཆོས་འཕེལ། ངག་དབང་ཆོས་གྲགས། དབང་ཕྱུག་བརྩོན་འགྲུས། དགེ་ལེགས་ལྷུན་གྲུབ་སོགས་བླ་མ་ཞེ་ལྔའི་བསྟེན། རྒྱུད་སྡེ་རྣམས་ཀྱི་དབང་རྗེས་གནང་དང་། བཀའ་བསྟན་གྱི་མན་ངག་རྒྱས་བཤད་བཅས་ཐུགས་སུ་ཆུད། ཉེར་བཞི་པར་དབུས་སུ་བྱོན། རྭ་སྟོད་ཆོས་གྲྭར་ཞུགས མདོ་ཕྱོགས་ལ་སྦྱངས། རྒྱུད་སྨད་གྲྭ་ཚང་དུ་ཞུགས། གསང་ཆེན་གྱི་གཞུང་ལ་ཐོས་བསམ་མཛད། དབུས་གཙང་དུ་ལན་གཉིས་ཙམ་ཕེབས། མདོ་སྨད་དུ་ཕེབས། བཀྲ་ཤིས་འཁྱིལ་གཙོར་བྱས་པའི་བྲག་དཀར་རི་ཁྲོད་དང་། བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་། དན་ཏི་ག་ཡང་ཏིག་བཅས་དབེན་པའི་གནས་བརྒྱ་ཕྲག་མང་པོར་བཞུགས། སྒྲུབ་པ་ཉམས་ལེན་མཛད། དབུས་ཕྱོགས་སུ་སྨད་རྒྱུད་ཁང་དང་། བྱང་རྩེ་གྲྭ་ཚང་གི་འདུ་ཁང་ལ་ཚོན་རྩི་གསར་བ་ཕུལ། གསེར་ཕོན་ཆེ་བ་གནང་སྟེ་ཞིག་གསོས་མཛད། སྨད་རྒྱུད་དུ་གསང་འདུས་ཁྲི་མཆོད་ཀྱི་ཐེབས་ཀྱང་ཕུལ། རོང་བོའི་འདུ་ཁང་གསར་བཞེངས་མཛད། ཕྱག་རྫས་གཏོས་ཆེན་སྔ་ཕྱིར་རོང་བོ་གྲྭ་ཚང་འཛུགས་འཐེབ་ཏུ་གནང་། རྡོ་སྦིས་གྲྭ་ཚང་དུ་བྱམས་སྐུ་ཆེན་མོ་རྟེན་བརྟེན་པ་མཐུན་རྐྱེན་སྦྱར་ཏེ་བཞེངས། དོན་དགུ་པ་རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ་ ༡༦༥༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རེབ་སྐོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ཡིན། གསུང་རྩོམ་ཡང་མགུར་མ་བཅས་བཞུགས། |