1141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕག་ཕྱི་ལོ་ ༡༧༡༩ ལོར་ཕུ་མདོ་ཞེས་པའི་གྲོང་དུ་ཡབ་སྔགས་འཆང་དབང་འབུམ་དང༌། ཡུམ་འཇང་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ལ་ཕེབས་སྐབས་ཡབ་ལས་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་བསླབས། དགུང་ལོ་བདུན་པར་བློ་བཟང་དགེ་འདུན་གྱི་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཉིས་པར་ཕུར་བུ་ལྕོག་བླ་མ་ངག་དབང་བྱམས་པ་རིན་པོ་ཆེ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་ཉི་ཤུའི་ཐོག་ཆབ་མདོ་གླིང་སྟོད་གྲྭ་ཚང་དུ་ཞུགས་ནས་ཆོ་ག་ཕྱག་བཞེས་ལ་སྦྱངས། ཆུ་དབར་དགོན་དུ་བླ་མ་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་ལས་ལོ་གཅིག་ཙམ་བཀའ་ཆོས་གསན། བླ་མས་བཀའ་ལྟར་འབུལ་སྡུད་ལ་ཕེབས་ཤིང༌། ལི་ཐང་དགོན་དུ་ལོ་གསུམ་ཙམ་བཞུགས། བསྡུས་གྲྭ་དང་ཕར་ཕྱིན་ལ་སྦྱངས། དགུང་ལོ་ཉི་ཤུ་རྩ་བཞིའི་ཐོག་ཆུ་དབར་བླ་མ་རིན་པོ་ཆེས་བཀའ་ལྟར། དབུས་གཙང་གི་གདན་ས་ཆེན་པོར་སློབ་གཉེར་གནང་བཞེད་ཀྱིས་ཁམས་འགྲུལ་ཨ་ཅོར་མི་བརྒྱད་དང་མཉམ་དུ་ལྷ་སར་ཕེབས། སེ་ར་བྱེས་པ་གྲྭ་ཚང་གི་ལྷོ་པ་ཁང་ཚན་དུ་སྒྲིག་ཞུགས་མཛད། སྒོམ་སྡེ་དགེ་བཤེས་བརྩོན་འགྲུས་སོགས་ཡོངས་འཛིན་དུ་བསྟེན་ནས་བསྡུས་གྲྭ་ཕར་ཕྱིན་སོགས་ལ་སྦྱངས། དགུང་ལོ་སུམ་ཅུའི་ཐོག་ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། གྲྭ་སར་ལོ་ངོ་བཅུ་ཙམ་བཞུགས་རིང་ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང༌། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་པའི་རྡོ་རྗེ་བཅས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། དགུང་ལོ་སོ་གསུམ་ཐོག་གསང་ཕུའི་དགེ་བཤེས་གྲྭ་སྐོར་མཛད། དགུང་ལོ་སོ་དགུའི་ཐོག་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་ལོ་གསུམ་ཙམ་བཞུགས་རིང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་པའི་ཆོས་སྐོར་གང་ཡོད་གསན། རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་དོན་གྲུབ་རྒྱལ་མཚན་གྱིས་སྦྱིན་བདག་ཞུས་ཏེ་སྙེ་ཐང་ཕུའི་རི་ཁྲོད་ཀློང་རྡོལ་ཟེར་བར་རྒྱུན་བཞུགས་གནང་ནས་སྒྲུབ་པ་ཉམས་བཞེས་མཛད། དགུང་ལོ་ཞེ་ལྔ་ནས་བཟུང་གཙོ་བོར་མཚམས་བཅད་དང༌། ཞར་ཞོར་ལ་དད་ལྡན་མང་པོས་གསོལ་བ་བཏབ་པ་ལྟར་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་བསྩལ། སྐུ་ཚེའི་རིང་སྙེ་ཐང་རྨོག་ལྕོག་ཏུ་ལོ་གསུམ། ཀློང་རྡོལ་རི་ཁྲོད་དུ་ལོ་དགུ། སྙེ་ཐང་རིན་ཆེན་གླིང་དུ་ལོ་བརྒྱད་བཅས་ལོ་ཉི་ཤུ་རྩ་གཅིག་རིང་། རི་ཁྲོད་པ་དཀྱུས་མའི་འཚོ་བ་ལ་བརྟེན་ནས་སྒྲུབ་པ་ཉམས་བཞེས་ཀུན་གྱི་མིག་དཔེར་འོས་པ་མཛད་པས་སློབ་མ་གྲངས་ལས་འདས་པ་བྱུང༌། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ཕྱི་ལོ་ ༡༧༩༤ ལ་སྐུ་གཤེགས། སྐུ་གདུང་ནི་དགོངས་པ་གཞན་དོན་དུ་གཤེགས་ཁར་ཞལ་ཆེམས་གནང་བ་ལྟར། སྙེ་ཐང་གི་རི་སྒང་ས་གཙང་ས་ཞིག་ཏུ་བྱ་གཏོར་ཞུས་ཤིང༌། དབུ་ཐོད་དང་སྐུ་རུས་ལ་རུས་ཆོག་མཛད་ནས་མཆོད་རྟེན་བཞེངས་པ་རི་ཁྲོད་རང་དུ་བཞུགས། གསུང་འབུམ་པོད་གཅིག་བཞུགས།