11411
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཨོ་ཏྲ་ཞེས་པ་དེར་ཡབ་བྲམ་ཟེ་བདེ་བྱེད་དང་ཡུམ་བྲམ་ཟེ་མོ་པད་མ་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དང་པོ་ལ་རབ་ཏུ་བྱུང་ཞིང་མཚན་ལ་རྩི་ལུ་པ་ཞེས་གསོལ། དེས་མདོ་རྒྱུད་ལ་སོགས་པའི་བསྟན་བཅོས་མང་དུ་གསན་ཞིང་རིག་པའི་གནས་ལྔ་ལ་མཁས་པར་གྱུར། ཨོ་ཏན་པུ་རི་དང་ན་ལེན་དྲ་ལ་སོགས་པའི་གཙུག་ལག་ཁང་རྣམས་ཀྱི་གསུང་རབ་མ་ལུས་པ་གཟིགས་པས། དུས་འཁོར་དང་འབྲེལ་བའི་ཆོས་སྡེ་དྲུག་གི་བྱང་ཆུབ་སེམས་དཔའི་མཛད་པ་དང་སྤྲུལ་པས་བྱང་ཕྱོགས་ཤཾ་བྷ་ལ་ན་འགྲོ་བ་རྣམས་ལ་སྟོན་ཅིང་བཞུགས་ཅེས་པ་མཐོང་བས་ཕྱིན། རྒྱ་མཚོའི་གླིང་གི་རི་གཅིག་ལ་སླེབས་དུས། བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྤྲུལ་བ་ཆོས་རྒྱལ་ཆེན་པོ་སེང་གེ་རྣམ་གནོན་གྱིས་རྒྱ་གར་ཤར་ནུབ་ལ་སོགས་པ་རྣམས་སུ་དཔལ་དུས་ཀྱི་འཁོར་ལོ་རྒྱས་པའི་ཕྱིར་དང་། སྙིགས་མ་ལྔའི་སེམས་ཅན་ཚེ་ཐུང་པས་སྒྲུབ་ལོང་མེད་པ་རྣམས་ལ་ཤིན་ཏུ་ལམ་མྱུར་བའི་ཐབས་སྦྱོར་བ་ཡན་ལག་དྲུག་བསྟན་པར་དགོངས་ནས་མི་དཀར་པོ་གཅིག་ཏུ་སྤྲུལ་ཏེ་རི་དེའི་རྩེ་མོར་བཞུགས་པ་དང་མཇལ་ཞིང་ཞབས་ལ་གཏུགས། སྤྲུལ་པ་དེས་དེར་ཆོས་དབྱིངས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བར་བྱས། དབང་རྫོགས་པར་བསྐུར་ནས་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་གསུངས། བྱང་ཆུབ་སེམས་དཔའི་ཆོས་ཏེ་དྲུག་གསུངས་པ་ནི། དུས་ཀྱི་འཁོར་ལོའི་རྩ་འགྲེལ་དབང་མདོར་བསྟན་ལེའུ་དྲུག་པ་དང་། དོན་དམ་བསྙེན་པ་དང་། བསྡུས་རྒྱུད་ཀྱི་འགྲེལ་པ་སྤྱན་རས་གཟིགས་ཀྱིས་མཛད་པ་དྲི་མེད་འོད་དང་། ཕྱག་ན་རྡོ་རྗེས་མཛད་པ་བདེ་མཆོག་སྟོད་འགྲེལ་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གཅིག་གི་འགྲེལ་པ་སྟོང་བརྒྱད་བརྒྱ་པ་དང་། དགེས་པ་རྡོ་རྗེའི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་སྟོང་ཕྲག་དྲུག་པ། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་འཇམ་དཔལ་རང་འགྲེལ་དང་དྲུག རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་གི་གདམས་པ་ཁོལ་དུ་ཕྱུང་བ་རྣམས་གསུངས་ནས་མཁའ་ལ་གཤེགས། དེ་ནས་བླ་མ་རྩི་ལུ་པས་ཇི་ལྟར་གསུངས་པ་ཐམས་ཅད་ཐུགས་སུ་ཆུད་ནས་རི་དེ་ལས་ཞོལ་དུ་བབས་ཏེ་རྒྱ་མཚོ་ཆེན་པོའི་འགྲམ་དུ་སྦྱོར་བ་ཡན་ལག་དྲུག་ཞག་བདུན་བསྒོམས་པས། རླུང་སེམས་ལ་དབང་ཐོབ་སྟེ་མངོན་ཤེས་དང་སྒྲུབ་ཆེན་བརྒྱད་ཐོབ། རྫུ་འཕྲུལ་གྱིས་གནམ་ལ་བྱོན་ཏེ་ཤཾ་བྷ་ལར་རིགས་ལྡན་དངོས་ལ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་དབང་དང་ཆོས་མ་ལུས་གསན། རྒྱ་གར་ཤར་ནུབ་ན་དུས་ཀྱི་འཁོར་ལོ་ཤེས་པ་ཁོང་ལས་མེད་པས་མཚན་ཡང་དུས་ཀྱི་འཁོར་ལོའི་ཞབས་པ་ཞེས་སུ་གྲགས། |