11421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ (1)
Part of speech མིང་ཚིག
Definition མཁས་གྲུབ་ཁྱུང་པོ་སྟེ་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ། སྙེ་མོ་ར་མངས་སུ་ཡབ་ཁྱུང་རྒྱལ་སྟག་སྐྱེས་དང༌། ཡུམ་འགོས་བཟའ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོའི་ལྕགས་སྟག་ཕྱི་ལོ་ ༩༠༩ ལོར་འཁྲུངས། རུས་ཁྱུང་པོ་ཡིན་ཅིང༌། དགུང༌ལོ་བཅུ་ནས་ཡི་གེ་འབྲི་ཀློག་དང༌། སྐར་རྩིས་བཅས་མཁས་པར་མཁྱེན། ཡབ་མེས་རྣམས་ཀྱི་ཆོས་ལུགས་བོན་ཡིན་སྟབས་བོན་གྱི་སློབ་དཔོན་གཡུང་དྲུང་རྒྱལ་བསྟེན་ནས་བོན་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ་འཆད་སྤེལ་མཛད་པས་སློབ་མ་ཡང་བདུན་བརྒྱ་ལྷག་ཙམ་བྱུང་ཞིང༌། བོན་ལ་མཁས་པའི་གྲུབ་ཐོབ་ཆེན་པོར་གྱུར། གསང་སྔགས་སྔ་འགྱུར་གྱི་སློབ་དཔོན་འབྱུང་གནས་སེང་གེ་ལས་རྫོགས་ཆེན་གྱི་ཆོས་སྐོར་ཆ་ཚང་བར་གསན་ནས་སྒོམ་སྒྲུབ་དང་འཆད་སྤེལ་མཛད་པས་སློབ་མ་སུམ་བརྒྱ་ཙམ་བྱུང་། སྟོད་ལུང་ཤོ་མ་རར་སློབ་དཔོན་སྐོར་ནི་དྷུ་པའི་དྲུང་དུ་བྱོན་ནས་ཕྱག་ཆེན་དང་དོ་ཧ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། གསེར་སྲང་བརྒྱ་ལྷག་ཙམ་ཡོད་པ་བསྣམས་ཐོག་བལ་ཡུལ་དུ་གུ་ལང་གི་གསེར་ཁ་བརྟོལ་བ་དང་སྟབས་ཁེལ་ཏེ། གསེར་སྲང་སྟོང་ལྷག་བྱུང་བ་བསྣམས་ནས་བལ་ཡུལ་དུ་ཕེབས་ཏེ་བལ་པོ་ཕམ་མཐིང་པའི་དྲུང་ནས་བདེ་མཆོག་དང་གདན་ཞུ་ཞུས། བླ་མ་ར་ཧུ་ལ་བཛྲ་བསྟེན་ནས་ཆོས་མང་པོ་གསན། རྒྱ་གར་དུ་ཕེབས་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་འདོད་ཆོས་མང་པོ་གསན། གཞན་ཡང་གྲུབ་ཆེན་ཤྲི་བཛྲ་ས་ན་ཛ་དང༌། བཻ་རོ་ཙཱ་ན་ར་ཀྵིཏ། ཏ་ཐཱ་ག་ཏ་ར་ཀྵིཏ། ཨ་མོ་གྷ་བཛྲ་སོགས་པཎྜི་ཏ་དང༌། གྲུབ་ཐོབ་ཀྱི་བླ་མ་དང༌། མཁའ་འགྲོ་མ་ཀ་ན་ཀ་ཤྲི་སོགས་མང་པོར་བསྟེན་ནས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང༌། བླ་མ་མེ་ཏྲི་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་ཆ་ཚང་བ་གསན། པཎ་ཆེན་ནཱ་རོ་པའི་སྲིང་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དང་མཇལ་ནས་སྒྱུ་ལུས་རྨི་ལམ་གྱི་དབང་དང༌། ནཱ་རོ་ཆོས་དྲུག སྒྱུ་མ་ལམ་རིམ་སོགས་ཐུན་མོང་མ་ཡིན་པའི་གདམས་ངག་ཡོངས་སུ་རྫོགས་པ་གསན། གཞན་ཡང༌། མཁའ་འགྲོ་མ་སུ་ཁ་སིདྷི་དང༌། མཁའ་འགྲོ་མ་གངྒ་དྷ་ར་སོགས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ནས་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཅིང༌། ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་བཞུགས་པ་དང་མཇལ་ནས་གསང་བ་འདུས་པ་དང་བདེ་མཆོག་སྐོར་གསན། དགེ་བཤེས་གླང་རི་ཐང་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་མ་ར་ཧུ་ལ་གུཔྟ་བཛྲ་ལས་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་གདམས་པ་མང་དུ་གསན། ཐོག་མར་འཕན་པོ་འཇོག་པོའི་ཕུ་ལ་འགད་ཀར་གྱི་དགོན་པ་བཏབ་ནས་གནས་གཞི་བཟུང་། སློབ་མ་ཉིས་སྟོང་ལྷག་ཙམ་འདུས་ནས་མ་ཤོང་བས་བླ་མ་རང་ཉིད་ཡུལ་སོ་སོར་ཕེབས་ནས་དབྱར་སྟོན་གཉིས་ཀྱི་རིང་ཆོས་གསུངས། རབ་བྱུང་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༡༢༡ ལོར་ཤངས་སུ་ཕེབས་ནས་གཞོང་གཞོང་ལ་སོགས་པའི་དགོན་པ་བརྒྱ་དང་བརྒྱད་ལོ་གསུམ་གྱི་ནང་བཏབ། སྐུ་ཚེའི་སྨད་དུ་སློབ་མ་གྲྭ་པ་ཁྲི་བརྒྱད་ཙམ་ཚོགས་པ་བྱུང༌། དགུང་ལོ་བརྒྱ་དང་ལྔ་བཅུ་བཞེས་པ་རབ་བྱུང་གཉིས་པའི་ས་ལུག་ཕྱི་ལོ་ ༡༡༣༩ ལོར་སྐུ་གཤེགས།

{{#arraymap:གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་

|; |@@@ | | }}

གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ (2)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༣༥༡ ལོར་ཤོར་ཡུར་དུ་ཡབ་དཔོན་ཡིག་གཞོན་ནུ་རིན་ཆེན་དང་། ཡུམ་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལ་དཀའ་ཚེགས་མེད་པར་དབུ་ཅན་དང་དབུ་མེད་ཐམས་ཅད་མཁྱེན། བཅུ་གཉིས་པར་མཁན་པོ་རིན་ཆེན་བསམ་གཏན་དཔལ་བཟང་དང་། སློབ་དཔོན་ཤོང་སྟོན་རབ་བརྟན་གཉིས་ལས་རབ་ཏུ་བྱུང་། ཕར་ཕྱིན་བསླབས་ནས་གནས་རྙིང་དུ་བཤད་གསར་མཛད། སོ་གཉིས་པར་མཁན་པོ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་དང་། སློབ་དཔོན་ལེགས་མཆོག་པ། གསང་སྟོན་དཀའ་བཞི་པ་རིན་ཆེན་རྡོ་རྗེས་མཛད་དེ་བསྙེན་པར་རྫོགས། སོ་བརྒྱད་པར་འཇག་ཆེན་བྱམས་པ་དཔལ་དང་མཇལ། ཤངས་པ་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་གདམས་པ་མ་ལུས་པ་ཞུས། རྒྱབ་སྐྱོར་གྱི་ལུང་རྣམས་སློབ་དཔོན་དཔལ་བཟང་ལས་ཞུས། རྟོགས་པའང་འཁྲུངས། དུས་ཕྱིས་སུ་གནས་རྙིང་དང་ཡོལ་དུ་བཞུགས། ཕལ་ཆེར་སྐུ་མཚམས་མཛད། མངོན་པར་ཤེས་པ་ཡང་མངའ། སྐྱེ་འགྲོ་མང་པོ་སྨིན་པར་མཛད། ང་བརྒྱད་པ་རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་སྐུ་གཤེགས།

{{#arraymap:གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་

|; |@@@ | | }}