11436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་མེ་ལོང་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༢༤༣ ལོར་སྒྲགས་ཕུར་ཡབ་རྣལ་འབྱོར་པ་བསམ་ཡས་དང་། ཡུམ་འབར་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུ་པར་གྲུབ་ཐོབ་ཟ་ལུང་པ་དང་། མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང་། བཅུ་དྲུག་པར་སྒྲགས་ཕུའི་ཞོགས་སྟེངས་སུ་ཚོགས་བརྒྱ་ཚར་མཛད་པས་གནས་ལུགས་ཀྱི་དོན་རྟོགས། ཡུལ་ཕྱོགས་མང་པོར་བྱོན། བླ་མ་མང་དུ་བསྟེན། གདམས་ངག་མང་པོ་ཞུས། ཤ་བུག་སྟག་སྒོ་དང་། མཁར་ཆུ་ལ་སོགས་སུ་དཀའ་ཐུབ་དང་། དཀའ་སྤྱད་མང་པོ་མཛད། བཅོ་བརྒྱད་པར་སེང་གེ་རྒྱབ་ཏུ་སངས་རྒྱས་དབོན་པོ་ལས་སྙིང་ཐིག་རྣམས་ཞུས། སྒྲུབ་པ་ཉམས་ལེན་མཛད་པས་ཉིན་ཞག་དྲུག་ཅུ་མཚམས་ནས་རྡོ་རྗེ་སེམས་དཔའ་ཉིན་མཚན་མེད་པར་ཞལ་མཐོང་། ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་མང་དུ་ཞུས། རྡོ་རྗེ་ཕག་མོ་དང་མཇལ། འོལ་ཕུང་གི་དཀྱིལ་ནས་བདེ་མཆོག་ལྷན་སྐྱེས་དང་། རྟ་མགྲིན། སྒྲོལ་མ། ཐུགས་རྗེ་ཆེན་པོ། རྡོར་སེམས་རྣམས་མཐོང་། ཉི་ཤུ་རྩ་དྲུག་པར་འཁྲུལ་ཞིག་དར་མ་དང་། སྤྲུལ་སྐུ་རྒྱ་མཚོ་སོགས་བསྟེན། ཆོས་མང་དུ་གསན། མཁན་པ་ལྗོངས་དང་། མཁན་པ་གླིང་། སེང་གེ་རྫོང་། ཀུན་བཟང་གླིང་། མཁར་ཆུ་རྣམས་སུ་ཕེབས། རིག་འཛིན་ཀུ་མཱ་ར་རཱ་ཛ་ལ་སོགས་པའི་སློབ་མ་རྣམས་ལ་སྙིང་ཐིག་གི་ཁྲིད་གནང་། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། རེ་གཅིག་པ་རབ་བྱུང་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༣༠༣ ལོར་སྐུ་གཤེགས། གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།