11446
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤར་ཕྱོགས་ཀུར་སྟོད་དུང་དཀར་ཉེ་འདབས་གླིང་བྱ་བར། ཡབ་ལྷུན་རྫོང་པ་ཕུན་ཚོགས་དབང་འདུས་དང༌། ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ ༡༨༩༣ ལོར་འཁྲུངས། དགུང་གྲངས་གསུམ་ཙམ་ལ། ཞབས་དྲུང་ལྔ་པའི་མདུན་དུ་གཙུག་ཕུད་ཕུལ་ཏེ། མཚན་བསོད་ནམས་བཟང་པོར་བཏགས། བདུན་པར་ཀུར་སྟོད་ལྷུན་གྲུབ་རྩེ་རབ་སྡེར་ཆོས་སྒོར་ཞུགས། རིམ་བཞིན་གནས་བརྟན་པད་དཀར་དང་དོན་ཡོད་རྡོ་རྗེ་ལས་ཡི་གེ་འབྲི་ཀློག་དང༌། འབྲུག་ལུགས་ཆོས་སྤྱོད། དབུ་ཅན་དབུ་མེད་སོགས་ཡིག་རིགས། གསེར་བཟོ་ཤིང་བཟོ་སོགས་བཟོ་རིགས། མཆོད་རྟེན་ཐིག་རྩ་དང་དཀྱིལ་འཁོར་བྲི་ཐིག་སོགས་ཐོགས་མེད་དུ་མཁྱེན། བཅུ་དྲུག་ལ་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གི་བཀའ་ལྟར། བོད་ཁམས་ཆབ་མདོ་གྲུ་གུ་གསོལ་སྡེར་ཁར། གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་དྲུང་དུ་ཕེབས་ནས། ཕྱག་ཆེན། ཆོས་དྲུག རོ་སྙོམས་སོགས་དང༌། ཁྱད་པར་ཐུན་མིན་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་གསན། རྟོགས་ལྡན་སྨིན་གྲོལ་ལས་འཁྲུལ་འཁོར་སྐོར་དང༌། རོ་སྙོམས་དང་བླ་སྒྲུབ་སོགས་གསན། འབྲུག་ཆེན་བཅུ་པ། འཛི་སྒར་བདུན་པ། སྲས་འཕགས་ལྷ། རྗེ་མཁན་པོ་སྲིད་ཞི་རྣམ་རྒྱལ། གནས་བརྟན་ཤེས་རབ་རྣམ་རྒྱལ་སོགས་ལས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང༌། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གཏེར་ཆེན་མཆོག་གླིང་གི་སྲས་མོའི་སྲས་བསམ་གཏན། བདུད་འཇོམས་ཡེ་ཤེས་རྡོ་རྗེ་སོགས་ལས། རྙིང་མའི་དབང་ཁྲིད་ལུང་མན་ངག་བཅས་གསན་བསམ་རྒྱ་ཆེར་མཛད། པདྨ་ལྷ་སྒྲོན་དང་དོན་གྲུབ་པདྨོ་གཉིས་ཁབ་ཏུ་བཞེས་པས། སྲས་མོ་གཉིས་འཁྲུངས། ཙ་རི་སྐྱིད་ཕུག་གུ་རུ་ལྷ་ཁང་དང་སྒྲུབ་སྡེ། བལ་ཡུལ་འཕགས་ཤིང་ཉམས་གསོའི་གཙོ་འགན་བཞེས། རྡོར་གླིང་ཁར་ཤང་རི་ཁྲོད་ཀྱི་མཆོད་རྟེན། ཀུར་སྟོད་གསེར་གཞོང་ལྷ་ཁང༌། ཕ་ཇོ་སྡིངས་ལྷ་ཁང་དང་སྒྲུབ་སྡེ། བཀྲ་ཤིས་སྒང་དུ་སྒྲུབ་སྡེ། རླུང་ཅུ་ཟེ་ལྷ་ཁང་ཉམས་གསོ། སྤུང་ཐིམ་རྫོང་ནང་མགོན་མང་ཡོངས་རྫོགས་ཀྱི་ཐང་ནག་གསར་བཞེངས་སོགས་མཛད། འཁན་པ་ལྗོངས་སུ་ཟངས་མདོག་དཔལ་རིའི་བློས་བསླངས་སོགས་བཞེངས། དཔལ་སེང་ཕུག ལྷ་རྫོང་དགོན། དཔལ་འབྱོར་ཆོས་གླིང་སོགས་སུ་གཙོ་བོར་བཞུགས། ཟབ་ཆོས་དོན་གཉེར་ཅན་རྣམས་ལ། ཕྱག་རྫོགས་ཀྱི་ཁྲིད་སྤྱི་དང༌། བྱེ་བྲག་ཏུ་སྙན་རྒྱུད་ཀྱི་ཁྲིད་སོགས་བསྩལ་བས། ཞལ་སློབ་མང་། དམ་པའི་སྐྱེ་སྤྲུལ་དུ་མར་ངོས་འཛིན་གནང་བའི་མཐར། དགུང་ལོ་དགུ་བཅུ་ཐམ་པ་ཆུ་ཁྱི་ ༡༩༨༢ ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ། །སྐུ་གདུང་ལ་རིང་བསྲེལ་ངོ་མཚར་ཅན་བྱོན་ཅིང༌། ཞལ་གདམས་དང་གསུང་མགུར་སྐོར་འགའ་ཙམ་བཞུགས། ཞལ་སློབ་གཙོ་བོ་ནི། བདུད་འཇོམས་གདུང་སྲས་ཕྲིན་ལས་ནོར་བུ། རྫོང་སར་མཁྱེན་སྤྲུལ། གཏེར་སྟོན་ངག་དབང་ཕུན་ཚོགས། རྗེ་མཁན་པོ་ཉི་ཟེར་སྤྲུལ་སྐུ། རྗེ་དགེ་འདུན་རིན་ཆེན། རྗེ་ཡོན་ཏན་འོད། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ། གྲུབ་སྲས་ངག་དབང་ཡེ་ཤེས་རང་གྲོལ། རྒྱལ་མཚན་སྤྲུལ་སྐུ། སྲས་རིན་པོ་ཆེ་དགེ་ལེགས་རྣམ་རྒྱལ། འཛི་སྒར་མཁན་ཆེན་ནོར་གཡང༌། བླ་མ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ། ཡོ་བྲག་རིག་འཛིན་རྡོ་རྗེའི་སྤྲུལ་སྐུ། སེ་བ་ལ་བྱམས་སྤྲུལ། བལ་པོ་ཤེར་རྡོར་སྤྲུལ་སྐུ། ཉེ་གནས་བསོད་ནམས་ཆོས་འཕེལ་སོགས་ཡིན་ནོ། ། |
{{#arraymap:གྲུབ་དབང་བསོད་ནམས་བཟང་པོ་
|; |@@@ | | }}