11538
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ཤཱཀྱ་ཤྲཱིའི་གདུང་སྲས་ཀུན་ལྷ་བསྟན་འཛིན་དང༌། ཡུམ་བསོད་ནམས་དཔལ་འཛོམས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ ༡༩༢༡ ལོར་འཁྲུངས། ཡི་གེ་འབྲི་ཀློག་བརྡ་བསྟན་པ་ཙམ་གྱིས་མཁྱེན། བཅོ་བརྒྱད་ནས་འཁྲུལ་ཞིག་ཁྲིད་དཔོན་རིན་པོ་ཆེ་རིགས་བདག་ཏུ་བསྟེན་ནས། འབྲུག་ལུགས་སྔོན་འགྲོ་ནས་བཟུང་དབང་ཁྲིད་ཡོངས་རྫོགས་ཞུས། ཆོས་མགོན་བརྒྱད་པའི་མདུན་ནས་འབྲུག་ལུགས་ཀྱི་དབང་ལུང༌། སྨིན་གླིང་གཅུང་རིན་པོ་ཆེ་དང༌། བདུད་འཇོམས་རིན་པོ་ཆེའི་དྲུང་ནས་རྙིང་ལུགས་སྐོར། མཁན་ཆེན་ནོར་གཡང་མདུན་ནས་ཟབ་མོ་ནང་དོན་གྱི་སྐོར། དེ་དག་གསན་པ་ཙམ་གྱིས་ཐུགས་སུ་ཆུད། ཙ་གོང་རྟ་མགྲིན་ཕུག་ཏུ་སྐུ་མཚམས་ཡུན་རིང་དང༌། བྱར་སྐྱིད་ཕུག་སྒྲུབ་སྡེར་ལོ་གསུམ་བཅད་རྒྱར་བཞུགས། གཙོ་བོར་འོད་གསལ་ཕྱག་རྒྱ་ཆེན་པོའི་ཉམས་བཞེས་དང༌། དགུན་དཔྱིད་ལ་གཏུམ་མོ་སོགས་ཆོས་དྲུག་གི་ཉམས་ལེན་གནང་། ཞར་དུ་ཕག་བདེ། བླ་མ་དྲག་པོ་སོགས་ཀྱི་ལྗགས་བསྙེན་མང་པོ་ཐེམས། འཁྲུལ་ཞིག་དགེ་འདུན་རྒྱ་མཚོར། ཙ་གོང་དུ་སང་མཇལ་བའི་ནུབ་མོར། གཟིམས་ལམ་བརྟགས་པས། བསམ་ཡས་གཙུག་ལག་ཁང་དུ། རྗེ་འདིའི་རྨོ་མོ་ཡིན་ཟེར་བ་ཞིག་གིས། མཆན་ཁུང་གཡས་ན་ཤེལ་རྡོ་དཀར་པོ་འོད་འཕྲོ་བ་ཞིག་བསྟན་ཏེ། འདི་ལ་བར་ཆད་མ་བྱུང་ན། འཛམ་གླིང་གསལ་ཐུབ་ཅེས་ཟེར་བ་རྨིས། རྗེ་བཙུན་མི་ལ་དང༌། རྗེ་ལྷ་རྩེ་པའི་རྣམ་འཕྲུལ་དུའང་གྲགས། གཏུམ་མོའི་རླུང་རྟགས་ཀྱང༌། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་ཐོ་རེངས་ནས་ཉི་མ་ཤར་བའི་བར་རས་ཐེངས་བཅུ་དྲུག་བསྐམས་པའི་རས་ཕུད་གནང༌། འཁྲུལ་ཞིག་རིན་པོ་ཆེ་དང༌། འབྲུག་སློབ་དཔོན་བསོད་ནམས་བཟང་པོ་རྣམ་གཉིས་ནས། བྱར་སྐྱིད་ཕུག་གདན་སའི་དབུ་འཛིན་དུ་བཞུགས་སྐུལ་ཞུས། རྒྱ་དམར་གྱིས་བོད་དུ་དུས་ཟིང་སློང་སྐབས་རྒྱ་གར་དུ་ཕེབས། ཐོག་མར་འབྲས་ལྗོངས་དང་རིམ་བཞིན་གར་ཞར་དཀར་དྭངས་དགོན་དུ་ལོ་མང་པོའི་རིང་ཟབ་རྒྱས་ཀྱི་གདམས་པ་མང་དུ་གནང༌། དེ་བཞིན་ཟངས་དཀར་སྤང་དགེ་དང་ལ་དྭགས་སོགས་སུའང་ཕེབས་ཤིང་ལོ་དུ་མར་སྨིན་གྲོལ་གྱི་ཆོས་ཆར་ཕབ། ལ་དྭགས་རྒོད་ཚང་སྒྲུབ་སྡེ་ཉམས་གསོ་དང་ཁེ་སྤང་སྒྲུབ་སྡེ་གསར་བཞེངས་གནང་། ལྔ་བཅུར་ཕེབས་པའི་ལྕགས་ཁྱི་ ༡༩༧༠ ལོར། འཕགས་ཡུལ་བྱང་ཕྱོགས་ཀུ་ལུ་མ་ན་ལི། ཅི་ཊ་རི་ཞེས་ས་གཙང་བའི་རི་ངོགས་སུ། ཤཱཀྱ་ཤྲཱིའི་གདན་ས་གཉིས་པ་འཆི་མེད་གྲུབ་པའི་དགའ་ཚལ་ཐོག་མར་བཏབ། དེར་གར་ཞ།ཁུ་ནུ། ཟངས་དཀར། ལ་དྭགས། འབྲུག འབྲས་ལྗོངས། བལ་ཡུལ་སོགས་རྒྱལ་ཕྱི་ནང་ནང་འདུས་པའི་ཞལ་སློབ་རྣམས་ལ་གང་འདོད་ཀྱི་དབང་ཆོས་གནང་། གསུང་རབ་དུ་མ་ཤིང་དཔར་དུ་བསྒྲུབས་པ་སོགས། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས། དགུང་ལོ་ང་བཞི་པ་ཤིང་སྟག་ ༡༩༧༤ ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་དྲུག་ལ་ངོ་མཚར་བའི་རྟགས་དང་བཅས་གཤེགས། ཞལ་སློབ་ཀྱང་ལ་དྭགས་དང་གར་ཞ་སོགས་རྒྱ་བོད་ཀུན་ལ་ཤིན་ཏུ་མང་ཡང༌། བརྒྱུད་འཛིན་གཙོ་བོ་ནི་རྒན་རིན་པོ་ཆེ་མཁྱེན་བརྩེ་རྒྱ་མཚོ་དང༌། སེང་བྲག་སྐུ་ཕྲེང་ལྔ་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་རྣམ་པ་གཉིས་ཡིན་ནོ། ། |