11630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོ་ཚང་བྲག་བློ་བཟང་སྐལ་བཟལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་ ༡༨༧༦ ལོར་གྲོ་ཚང་དགྱེས་ལེགས་སྡེ་བར་འཁྲུངས། ལོ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། རོང་བོ་ཨ་རོལ་རིན་པོ་ཆེ། རྭ་རྒྱའི་ཨ་ལགས་རྒྱལ་བ་རིན་པོ་ཆེ་རྣམས་ཀྱིས་སྐུ་གོང་མ་སྐལ་བཟང་བསྟན་འཛིན་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་། བདུན་པར་རོང་བོ་རེབ་སྐོང་གཉེན་ཐོག་དགོན་པར་ཕེབས། སྐུ་ཞབས་ཨ་རོལ་རིན་པོ་ཆེ་ལས་རབ་བྱུང་དང། དགེ་ཚུལ་བསྒྲུབས། དབང་ལུང་རྗེས་གསུམ་གྱི་ཆོས་འབྲེལ་ཐོབ། ཐོད་ཀྱཱ་དགོན་པར་ཕེབས། ཞྭ་དམར་རིན་པོ་ཆེ་ལས་ཚེ་ལྷ་རྣམ་གསུམ་གྱི་ཆོས་འབྲེལ་ཞུས། ལོ་དེའི་ཟླ་དགུ་པར་གྲོ་ཚང་རྡོ་རྗེ་འཆང་གི་གདན་སར་བཀོད། དགའ་སྟོན་གང་རྒྱས་གནང་། བརྒྱད་པར་གྲོ་ཚང་རྒྱུད་པ་ཚང་ལས་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་ལེགས་པར་སྦྱངས། དཔའ་རིས་མཱ་ཡང་པཎྜི་ཏ་ངག་དབང་ལེགས་བཤད་ཉི་མ་ལས་གསོ་རིག་རྒྱུད་བཞི་དང་། བྱང་ཁོག་ལུས་ཐིག རྩ་སྡེབ་འགྲེལ་ཚུལ། རྩི་སྔོ་ཤིང་གསུམ་བཅས་ལ་སྦྱོང་པར་མཛད། སྐྱབས་རྗེ་རྫོང་དཀར་རྡོ་རྗེ་འཆང་འཇིགས་མེད་བསམ་གཏན་ལས། འཇིགས་བྱེད་དཔའ་གཅིག་དང་། ལྷ་བཅུ་གསུམ་པའི་དབང་ཆེན། སྒྲོལ་དཀར་སོགས་ཀྱི་དབང་དང་རྗེས་གནང་གསན། བཅུ་བདུན་པར་སྐུ་འབུམ་རང་སྒར་དུ་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། དཔའ་རིས་དགེ་བཤེས་བློ་བཟང་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། ཚད་མ་སོགས་གཞུང་ཆེན་རྣམས་ལ་ཐོས་བསམ། ཉེར་གཉིས་པར་ཡོངས་འཛིན་སོགས་ལས་བསྙེན་པར་རྫོགས། སྐབས་བབ་ཀྱི་དབང་དང་། རྗེས་གནང་དཔེ་ཁྲིད་སོགས་གསན། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་ཕག་ཕྱི་ལོ་ ༡༨༩༩ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བཞུགས། ཆོས་སྲིད་ཟུང་གི་སྒོ་ནས་འཛིན་སྐྱོང་གོང་འཕེལ་གནང་། སྒྲོལ་དཀར་བསྙེན་པ་ཚད་ལྡན་རྟགས་ཐོན་སྦྱིན་སྲེག་དང་བཅས་པ་གྲུབ་གསུངས། ཉེར་དྲུག་པར་སྟོང་འཁོར་དགོན་པར་ཕེབས། སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་ལས་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་སོགས་གསན། འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་དྲུག་པ་ཡིན།