12093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླིང་རས་པདྨ་རྡོ་རྗེ་ (1)
Part of speech མིང་ཚིག
Definition མྱང་སྟོད་གླིང་སྨད་བཞེངས་ཀྱི་གླང་པོ་སྣར། ཡབ་རྒྱལ་པོ་སྐྱབ་བེ་དང། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་རབ་བྱུང་གཉིས་པའི་ས་སྤྲེལ་ ༡༡༢༨ ལོར་སྐུ་འཁྲུངས། མཚན་པདྨ་རྡོ་རྗེར་གསོལ། གཞོན་ནུ་ནས་བྲིས་ཀློག་མཁས་པར་མཁྱེན། བརྒྱད་པ་ལ་ལྷ་རྗེ་རས་སྨན་ལས་སྨན། བཅུ་གསུམ་ལོན་ཚེ་མཁས་པར་གྱུར། བཅུ་བདུན་པ་ལ་ཁུ་བོ་བཀའ་གདམས་པ་གླིང་གི་མདུན་དུ། དགེ་བསྙེན་མཛད། སྒྲོན་མེ་རྣམ་དྲུག་སོགས་མང་དུ་གསན། དབུས་པ་ཞང་བྱ་བ་རྭ་དང་དཔྱལ་གཉིས་ཀའི་སློབ་མ་ཞིག་ལ་ཕག་མོ་དང་། རྭ་འབུམ་སེང་ལ་དུས་འཁོར། བདེ་མཆོག འཇིགས་བྱེད་སོགས་རྭ་པའི་སྐོར་ཞིབ་མོ་གསན། མཐུ་ཆེ་བར་གྲགས་ཤིང་། ཇོ་མོ་སྨན་མོ་བྱ་བ་ཁབ་ཏུ་བཞེས། ཕྱིས་འོམ་ཐང་པ་ལ་རབ་ཏུ་བྱུང་ནས་བསོད་སྙོམས་ལ་བྱོན་པས་སྨན་མོས་བྲིད་ནས། བསླབ་པ་ལས་ཉམས་པ་ནི་སྔོན་གྱི་ལས་འཕྲོ་ལྷག་མ་ལུས་པའི་ཚུལ་བསྟན་པའོ། །དེ་ནས་ཁྱུང་ཚང་པའི་དྲུང་དུ་བྱོན། བྱེས་འགོལ་བ་སོགས་བསྟེན། རས་ཆུང་པའི་གདམས་ངག་ཐམས་ཅད་ཁ་ཚང་བར་ཐོབ་པས། ད་ལྟར་འཛམ་བུའི་གླིང་ན་གདམས་ངག་ང་རང་ཆེ་སྙམ་པ་འཁྲུངས། རྩ་རླུང་ལ་དབང་ཐོབ། ཡ་མཚན་ཅན་གྱི་གཏམ་ལྔར་གྲགས་པའི་དང་པོ་ནི། དཀོན་བརྩེགས་གཟིགས་པས། ལོག་པར་དད་སེལ་གྱི་ལུང་བསྟན་ནང་ནས། བྱང་སེམས་བརྩོན་འགྲུས་འོད་ཀྱི་སྐུ་སྐྱེར་གཟིགས། གཉིས་པ། ཞེ་གཅིག་ཙམ་ལ་ཕག་གྲུ་མཇལ་དུ་བྱོན་པས་ཆོས་ཁྲི་ཁར་ཕེབས་པ་དང་འཛོམས། སངས་རྒྱས་དངོས་སུ་མཐོང་ཞིང་། བསྒོམ་བྱ་སྒོམ་བྱེད་དང་བྲལ་ཚུལ་དེ་བླ་མ་ལ་ཞུས་པས། ཆུ་བོ་གངྒ་ཕན་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་མཐོ་གསུང་ཞིང་། ལྷན་ཅིག་སྐྱེས་སྦྱོར་གྱི་ཚིག་ཁྲིད་ཀྱང་གནང་། རྗེ་དེ་སྤྱིར་ཆུང་མ་ཅན་ལ་མི་མཉེས་ཀྱང་། གླིང་རས་པ་ལ་ལྷག་པར་མཉེས་ཚུལ་མཛད་དོ། །གསུམ་པ་ནི། བུད་མེད་སྔོན་མོ་ཞིག་གིས་བཀའ་འགྱུར་ལྗགས་ཐོག་ཏུ་བཞག་མིད་པར་རྨིས་པས། བཀའ་འགྱུར་ཡོངས་རྫོགས་ཐུགས་སུ་ཆུད་ནས་ཞུ་དག་ཐུབ་པར་བྱུང་བའོ། །བཞི་པ་ནི། ཉིད་ཀྱིས་མཛད་པའི་རྒྱུད་འགྲེལ་ལ་སྐྱོན་གཏོང་བའི་བཤད་གྲྭར། རྩོད་པར་མཛད་པས། སུས་ཀྱང་ལན་མ་ནུས་པས། སྐུ་ལུས་གླེགས་ཤིང་གི་བར་དུ་བསྡོམས་ཏེ། ནམ་མཁར་ཕར་བཞུད་ཚུར་བཞུད་མཛད་ནས། ང་དམ་ཆོས་ཀྱི་གླེགས་བམ་གཅིག་ཏུ་མི་འདུག་གམ་ཞེས་སོགས་མགུར་བཞེས་པར་མཛད། ལྔ་པ་ནི། རི་སྒང་ཞིག་ཏུ་འཇག་སྤྱིལ་མཛད་བཞུགས་དུས། མཁའ་འགྲོ་སྡེ་ལྔས་རང་རྟགས་ཀྱི་དབུ་རྒྱན་རེ་ཁྱེར་ནས་དབུ་ལ་བཅིངས་ཏེ། རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ་བར་གྱུར་པའོ། །ཞལ་ཆེམས་སུ། འདུས་བྱས་ཞིག་སྟེ་རྣམ་རྟོག་ཡལ་བ་ལ། །འཆི་བ་ཞེས་བཏགས་བྱིས་པ་སྡུག་བསྔལ་ཏེ། །རྣལ་འབྱོར་སེམས་ཉིད་འདུས་མ་བྱས་པ་ལ། །དབྱིངས་སུ་གཤེགས་པ་བདེ་བ་ཆེན་པོ་ཡིན། །ཞེས་སོགས་ཕྱག་བྲིས་བཏབ་ཅིང་། ས་སྤྲེལ་ ༡༡༨༨ ལོའི་དབྱར་ཟླ་ར་བའི་ཉེར་བརྒྱད་ཀྱི་ཉིན་གཟུགས་སྐུའི་སྣང་བ་བསྡུས་ནས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེའི་སློབ་མའི་གཙོ་བོ་ནི་ཆོས་རྗེ་གཙང་པ་རྒྱ་རས་ཡིན་ཞིང་། གཞན་ཡང་གྲུབ་པ་བརྙེས་པའི་རྣལ་འབྱོར་ཕོ་མོ་མང་དུ་བྱུང་ངོ་། །

{{#arraymap:གླིང་རས་པདྨ་རྡོ་རྗེ་

|; |@@@ | | }}