12304

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གློ་བོ་རྗེ་བཙུན་ཀུན་བཟང་འཇའ་ལུས་ཟང་ཐལ་ (1)
Part of speech མིང་ཚིག
Definition གློ་བོ་དབྱར་ར་ཞེས་བྱ་བར། ཡབ་བསམ་གྲུབ་ཆོས་སྐྱབས་དང༌། ཡུམ་མིང་འཛོམས་བཀྲ་ཤིས་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ ༡༦༤༥ ལོར་འཁྲུངས། མཚན་ཀུན་དགའ་དཔལ་བཟང་དུ་གསོལ། ཆེར་སོང་ནས། འབྲི་ཀློག་བསླབས། མངའ་བདག་བྱམས་པ་བསྟན་འཛིན་དང་མཇལ་ཏེ། ཚེ་རྟ། ཕྱག་རྡོར། ཐུགས་སྒྲུབ་དབང་ལུང་རྣམས་ཐོབ། དགུང་ལོ་ཉི་ཤུ་ལ། ཆོས་གྲྭ་ཆེན་པོ་ཐུབ་བསྟན་རྣམ་རྒྱལ་དུ་ཕེབས། པཎ་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་མདུན་ནས་བསྙེན་པར་རྫོགས། མཚན་ཀུན་བཟང་འཇའ་ལུས་ཟང་ཐལ་ཞེས་གསོལ། ཚད་མའི་གཞུང་ལ་ཤིན་ཏུ་བྱང་བས། དཔལ་ལྡན་ས་སྐྱ་རུ་གྲྭ་སྐོར་མཛད། ཚད་མ་ལ་མཁས་པའི་གྲགས་པ་བྱུང༌། ལ་ཕྱི་སྙན་གཡོན་དུ་བྱོན། གྲུབ་པའི་དབང་ཕྱུག་རང་རིག་རས་ཆེན་དང་མཇལ། ཐོག་མར། འཕོ་བ་ཀ་དག་མ་དང༌། རྡེའུ་བཅུད་ལེན་སོགས་ལུང་འགའ་ཞུས། ལིང་པ་བྲག་དམར་དུ། རྒྱལ་ཐང་པ་ཟིལ་གནོན་རྡོ་རྗེ་ལ། མ་གཅིག་སྙན་རྒྱུད་ཀྱི་དབང་ལུང་དང༌། རི་བོ་དཔལ་འབར་དུ། བླ་མ་ཀུན་དགའ་རྡོ་རྗེ་ལ་སྐྱེས་མཆོག་འབའ་ར་བའི་ཕྱག་ཆེན། ཆོས་དྲུག་སོགས་ཁྲིད་ཆེན་བརྒྱད་ཀྱི་གཞུང་སྔོན་འགྲོ་དང་བཅས་པ་གསན། གཞན་ཡང་མཁན་ཆེན་མཁྱེན་རབ་བཀྲ་ཤིས་དང༌། མཐུ་ཆེན་ཆོས་ཀྱི་དབང་ཕྱུག་སོགས་བསྟེན། རང་རིག་རས་ཆེན་གྱི་སྤྱན་སྔར། ཟླ་བ་བཅུ་གཅིག་བཞུགས་ནས། དབང་ཁྲིད་ལུང་མང་བོ་ཞུས། ཁྱད་པར་ཕག་མོའི་སྨིན་དབང་གནང་ནས། ཆོས་འདི་ཁྱོད་ལ་གཏད་དགོས་པའི་རྟགས་ཡང་ཡང་བྱུང༌། ཡི་དམ་འདི་ལ་གྱིས་དང་རྟགས་མཚན་མྱུར་དུ་འོང་གསུངས་པ་སོགས། འགྲོ་དོན་ཡོང་བའི་ལུང་བསྟན། དབང་ཁྲིད་ལུང་བཞུགས་ཚད་ཞུས། གྲུབ་ཆེན་ངག་དབང་ཆོས་འཕེལ་ལས་ཀྱང་ཆོས་དྲུག་གི་འཁྲུལ་འཁོར་སོགས་བསླབས། སྐུ་ཚེ་སྨད་ཁྱུང་ཚང་རྡོ་རྗེའི་བྲག་ཏུ་བཞུགས་ནས། ཕྱོགས་ཀུན་ནས་གྲྭ་བཙུན། རྣལ་འབྱོར་ཕོ་མོ། དད་འདུན་སྦྱིན་བདག་སོགས། མང་དུ་འདུས་པ་རྣམས་ལ་རྡོ་རྗེ་འཆང༌། ཕག་མོ། ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་ཀྱི་སྨིན་དབང་དང༌། ཕྱག་ཆེན། ཆོས་དྲུག འཕོ་ཆེན། རོ་སྙོམས། རྟེན་འབྲེལ། བླ་སྒྲུབ། དགེ་སྦྱོར་བདུན་མ་སོགས་ཀྱི་ཉམས་ཁྲིད་བསྩལ་ཅིང༌། གནས་དེར་སྒྲུབ་པའི་སྡེ་ཆེན་པོ་ཚུགས། ཆུ་མིག་བརྒྱ་རྩ། དཔལ་འབར་སྨོན་ཐང༌། ཅོང་ཞི། དགའ་མི་སོགས་སུ། སྨིན་གྲོལ་གྱི་བཀའ་ཆོས་དང་། དབུས་གཙང་དང་བལ་ཡུལ་དུ་གནས་མཇལ་དང་འབྲེལ། གསོན་གཤིན་གྱི་འབུལ་བ་ཀུན། གསེར་དངུལ་དུ་དྲིལ་ནས། རྟེན་ཁྱད་པར་ཅན་རྣམས་དང༌། ས་འབྲུག་རྙིང་གསུམ་སོགས། རིས་སུ་མ་ཆད་པའི་འདུས་སྡེ་ལ། བསྙེན་བཀུར་འབུལ་འགྱེད་རྒྱས་པ་གནང༌། དགུང་ལོ་ང་གཅིག་ཤིང་ཕག་ ༡༦༩༥ ལོའི་བོད་ཟླ་གསུམ་པའི་ཚེས་གཅིག་ལ་གཤེགས་སོ། །སློབ་མའི་གཙོ་བོ་ནི། ཐུགས་སྲས་བསམ་འཕེལ་བཟང་པོ། རྣམ་གྲོལ་བཟང་པོ། གཅུང་པོ་ནམ་མཁའ་ཆོས་འཕེལ། བུ་ཆེན་དཔལ་ཆེན། བུ་ཆེན་ཀརྨ་རང་གྲོལ། སྒྲུབ་ཆེན་ངག་དབང་རྒྱལ་མཚན། གཞན་ཕན་མཐར་ཕྱིན། སྒྲུབ་ཆེན་ཤཱཀྱ་དཔལ་འབར། སྒྲུབ་ཆེན་ཡེ་ཤེས་དབང་ཕྱུག འཚོ་བྱེད་ནམ་མཁའ་ལྷུན་གྲུབ། བླ་མ་བརྩོན་འགྲུས་རྒྱལ་མཚན། བསམ་གྲུབ་རྣམ་རྒྱལ། དགེ་སློང་འཇམ་དབྱངས། དྲུང་འཇམ་དབྱངས། ཚུལ་ཁྲིམས་རིན་ཆེན། བདེ་མཆོག་བརྩོན་འགྲུས། གཙང་པ་ཕུན་ཚོགས་ཆོས་འཕེལ། ཤཱཀྱ་རྡོ་རྗེ། ཤཱཀྱ་སེང་གེ རྣམ་མགུར་སྡུད་པ་པོ་ཐུགས་སྲས་བསོད་ནམས་རྒྱ་མཚོ་སོགས་མང་དུ་བྱུང་ངོ༌། །

{{#arraymap:གློ་བོ་རྗེ་བཙུན་ཀུན་བཟང་འཇའ་ལུས་ཟང་ཐལ་

|; |@@@ | | }}