12305
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གློ་བོ་སྨད་རབ་རྒྱལ་རྩེ་མོ་རྫོང་དུ། ཡབ་འབྱོར་ར་རྒྱ་མཚོ་དང༌། ཡུམ་དཔལ་འདྲེན་བཟང་མོ་བྱ་བའི་སྲས་དྲུག་གི་བར་པར། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ ༡༦༤༦ ལོར་འཁྲུངས། དགུང་ལོ་བདུན་ལ་ཡབ་ཚེ་དུས་བྱས། རྒྱལ་བློན་འཁྲུགས་རྐྱེན་གྱིས་ནོར་ཡོད་ཚད་བརླག་སྟེ་དཀའ་སྡུག་བཟོད་དཀའི་འོག་ཏུ་མས་བུ་ལོན་བླངས་ཏེ་བུ་རྣམས་གསོས། མཐར་བུ་ལོན་སྐྱེད་འཕེལ་ནས་སོད་ཐབས་བྲལ་བས། ནོར་མེད་ན། བུ་རྣམས་མོན་པའི་གཡོག་ལ་འཆོར་ཉེའི་སྐབས། ཨ་ཁུ་བླ་མ་ཆོས་འཛིན་དཔལ་བཟང་གིས་མ་བཟོད་པར། རྒྱ་ཊཾ་ཉི་ཤུ་ལྷག་ཙམ་སྤྲད་དེ། བུ་རྣམས་མོན་གཡོག་ལ་མ་ཤོར་བ་བྱུང༌ཡང་ལོ་ལྔའི་རིང་ཨ་ཁུའི་ཕྱག་གཡོག་བྱས། ཨ་ཁུས་བྱམས་པོ་རང་མ་མཛད། སེམས་ལ་ཕོག་པའི་ཚིག་ཡུས་མང་དུ་གསུངས། ཨ་ཁུས་མི་ལའི་རྣམ་མགུར་ཀློག་སར་ཉན་པས་རྐྱེན་བྱས། སྣམ་བུ་གཉིས་ཁྱེར་ནས་ཆོས་ལ་བྲོས་པས། སྙེ་ཤང་གི་ལ་མཚམས་ནས་རྗེས་ཟིན་ཏེ། ཨ་ཁུ་དཔོན་གཡོག་གིས་རྡུང་རྡེག་དང་ཁ་རུ་ཐལ་བ་བླུགས་པས་ཤི་གྲབས་ཤི་གྲབས་བྱུང། བཅུ་དྲུག་ཙམ་ལ་དབུས་གཙང་ནས་སེར་ཁྱིམ་རྣལ་འབྱོར་པའི་ཆས་ཅན་གཉིས་དང་འགྲོགས་ཏེ། མངའ་རིས་ཕྱོགས་སུ་ཡུལ་ཐོན། ཡང་དེ་གཉིས་ཀྱིས་ཕྱུག་གཡོག་ལ་བཙོང་། དེ་ནས་སྐྱིད་རོང་འཕགས་པ་ཝ་ཏི་རུ་རབ་འབྱམས་པ་རང་གྲོལ་རྡོ་རྗེ་ཆོས་ཁྲིའི་ཁ་ན་བཞུགས་པ་དང་མཇལ། སྐྲ་བཅད་ནས་དགེ་བསྙེན་ཞུས། མིང་འབྲུག་བསྟན་འཛིན་དུ་བཏགས། ཕྱག་རྫོགས་ཀྱི་དབང་ལུང་ཁྲིད་རིམ་གང་ཟབ་རྣམས་དང་། རྒྱལ་དབང་འབྲུག་ཆེན་དྲུག་པ། སྐྱེས་མཆོག་བཟང་པོ་རྡོ་རྗེ། ཞྭ་དམར་ནག་གཉིས། རྡོ་རྗེ་བྲག་སོགས་དེ་དུས་ཀྱི་བླ་མ་བཟང་དགུ་ལས་དབང་ལུང་དཔག་ཏུ་མེད་པ་ཞུས། མདོར་ན་འདི་ཉིད་ཀྱི་རྣམ་ཐར་ནི། ཏིལ་ནཱ་མར་གསུམ། མི་རྒོད་ལོ་གསུམ་སོགས་ཀྱི་རྣམ་ཐར་བཞིན། ངོ་མཚར་ལ་ཡིད་སྐྱོ་བའི་མཛད་རྣམ་མཆིས། སྐུ་ཚེ་གང་པོར་བསྙེན་སྒྲུབ་ཁོ་ནས་བསྐྱང། མཐར་དགུང་ལོ་དོན་བརྒྱད་པ་ཆུ་ཡོས་ ༡༧༢༣ ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ལ་སྐུ་གཤེགས་སོ། །སྐུ་གདུང་དབུ་ཐོད་ལ་ཕག་མོ། བདེ་མཆོག ཧཱུཾ་ཨཿསོགས་ལྷ་སྐུ་ཡིག་འབྲུ་ངོ་མཚར་འཁྲུངས། གསུང་རྩོམ། ཞལ་གདམས་རྣམ་མགུར་དང་དྲིས་ལན་སོགས་པོད་གཅིག་ཙམ་བཞུགས། སློབ་མ། ཐུགས་སྲས་གྲུབ་ཐོབ་བྱ་བཏང་རས་པ་སོགས་རས་པ་བདུན། ཤེལ་གདན་ས་བ་བསྟན་འཛིན་རྣམ་རྒྱལ། གཏིང་ཁྱུ་བླ་མ་ཆོས་འཕེལ། དབུས་པ་གྲུབ་ཆེན། གྲུབ་ཆེན་གར་ཞ་པ། མངའ་བདག་སྤྲུལ་སྐུ། རྒྱལ་དབང་སྤྲུལ་སྐུ། མར་ལུང་སྤྲུལ་སྐུ་སྟེ་སྤྲུལ་སྐུ་རྣམ་གསུམ། ཀུ་རའི་སྤྲུལ་སྐུ་ལུང་རིགས་རྒྱ་མཚོ། སྨྲ་སྒོམ་མཁན་པོ་བསོད་ནམས་དབང་ཕྱུག སངས་རྒྱས་རྡོ་རྗེ། བརྩོན་འགྲུས་རྒྱ་མཚོ། ཀརྨ་བསྟན་འཛིན། གློ་རྫོང་ཆོས་དྲུང་ངག་དབང་ཡེ་ཤེས་མཚོ་མོ། རྫར་ཆོས་དྲུང་སངས་རྒྱས་མཁའ་འགྲོ། རྣལ་འབྱོར་མ་ཡེ་ཤེས་དབང་མོ་སྟེ། མདོར་ན་ཐུགས་སྲས་རེ་གཉིས། ཉེ་སྲས་ང་གཅིག རྣལ་འབྱོར་མ་རེ་གཉིས། རྟོགས་ལྡན་གྱི་ཕོ་མོ་སྟོང་ཞེས་གྲགས་སོ། །དེ་ནས་བཟུང་གློ་བོའི་ཕྱོགས་སུ་སྒར་དགོན་པ་སོགས་འབྲུག་པའི་ཆོས་བརྒྱུད་འཛིན་པ་ད་ལྟའི་བར་དུ་བྱུང་བའོ། ། |
{{#arraymap:གློ་བོ་རྗེ་བཙུན་འབྲུག་བསྟན་འཛིན་རས་པ་
|; |@@@ | | }}