12562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་གྱི་དགེ་སྤྱོད་ཡན་ལག་བདུན་པ་ (1)
Part of speech མིང་ཚིག
Definition བོན། ཚངས་པ་སྤྱོད་པ་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་དགེ་སྤྱོད་ཡན་ལག་ཞིག་སྟེ། ལྷོ་གཏེར་ལུགས་ཀྱི་ཐེག་པ་ལས་ལྔ་བ་དགེ་བསྙེན་ཐེག་པའི་བོན་སྒོ་ལས་གསུངས་པའོ། །བདུན་ནི། སྤྱན་འདྲེན་པའི་ཡན་ལག་དང་། ཕྱག་འཚལ་བའི་ཡན་ལག། བཤགས་པ་འབུལ་བའི་ཡན་ལག རྗེས་སུ་འཇུག་པའི་ཡན་ལག མཆོད་པ་འབུལ་བའི་ཡན་ལག བསྔོ་བའི་ཡན་ལག སྨོན་ལམ་གྱི་ཡན་ལག་དང་བདུན་ནོ། ། ༡ སྤྱན་འདྲེན་ནི། ཏིང་འཛིན་གསུམ་ལས་རྒྱུ་ཡི་ཏིང་འཛིན་གྱི་སྐབས་སུ་བདག་མདུན་ལྷ་རུ་གཉིས་མེད་བསྐྱེད་པར་བྱ་བའོ། ། ༢ ཕྱག་འཚལ་བ་ནི། བསྐྱེད་པའི་ལྷ་ལ་ལུས་ངག་ཡིད་གསུམ་སྒོ་ནས་གུས་འདུད་བྱེད་པའོ། ། ༣ བཤགས་པ་འབུལ་བ་ནི། སྔོན་ནས་ལས་ཉོན་དབང་གིས་བསགས་པའི་མི་དགེ་བ་རྣམས་ཡིད་ལ་འགྱོད་ཅིང་ཕྱིས་མི་བྱེད་དམ་བཅའ་སྟེ་ཉེས་བྱས་དག་ངག་ནས་བརྗོད་པར་བྱ་བའོ། ། ༤ རྗེས་སུ་འཇུག་པ་ནི། སྔོན་བྱོན་སངས་རྒྱས་དང་སེམས་དཔའ་རྣམས་ཀྱིས་ཅི་ལྟར་དགེ་བར་བགྱིས་པ་བཞིན། དེ་བཞིན་བགྱི་བར་བྱ་སྙམ་པའི་དད་མོས་ལ་སོགས་པ་བྱ་བའོ། ། ༥ མཆོད་པ་འབུལ་བ་ནི། དངོས་འབྱོར་གྱི་མཆོད་པ་དང་། ཡིད་སྤྲུལ་གྱི་མཆོད་པ་གྲངས་ལས་འདས་པ་ཞིག་སྤྱན་འདྲེན་པའི་ལྷ་ལ་བསམ་པ་རྣམ་དག་གི་སྒོ་ནས་འབུལ་བའོ། ། ༦ བསྔོ་བ་ནི། གང་བགྱིས་པའི་དགེ་རྩ་རྣམས་འཁོར་གསུམ་དམིགས་མེད་པའི་སྒོ་ནས་མཁའ་ཁྱབ་འགྲོ་ལ་སྦྱིན་པའི་སེམས་ཀྱིས་ཟིན་པར་བྱའོ། ༧ སྨོན་ལམ་ནི། གཙོ་བོ་རེ་བའི་སེམས་ཞིག་སྟེ། སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ། ལམ་ལྔ་ས་བཅུའི་སྤངས་རྟོགས་ལ་སོགས་རྫོགས་པར་སྨོན་པ་དང། དེ་བཞིན་སངས་རྒྱས་ས་ལ་དོན་གཉིས་ལྷུན་གྲུབ་སྟེ། གཞན་དོན་དུ་མ་འགག་པར་སྐུ་དང་འཕྲིན་ལས་ལ་སོགས་པའི་ཡོན་ཏན་དུ་མ་འཆར་བའི་རེ་འདུན་ནམ་སྨོན་ལམ་མོ། །
Domain ཆོས་ལུགས།