12565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་ཆེན་ཁྲི་བཞི་ནམ་ཏིང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་དབུས་ཕྱོགས་གླིང་ཆེན་ཕོ་བྲང་གི་ཤར་ཕྱོགས། གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་ཤེལ་དཀར་དྲི་མེད་རིན་ཆེན་འོད་ཀྱི་ན་བཟའ་ལ་རིན་ཆེན་མཛེས་པའི་གོང་ལག་ཅན། དབུ་ལ་རིན་ཆེན་པྲོག་ཞུ་ལ་གཡུང་དྲུང་འོད་ཟེར་ཕྱོགས་བཅུར་འཕྲོས་པ། གཡས་པས་སྤྲུལ་པའི་འཁོར་ལོ། གཡོན་པས་ཐུགས་རྗེའི་ལྕགས་ཀྱུ་འཛིན་པ། ཡུམ་ནི་ཐུགས་རྗེ་བྱམས་མ་ཡུམ་ལ་བསྟེན་པའོ། །ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞི་བའི་ཆ་བྱད་ཅན་ཞིག་གོ །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་པ། ཞེས་པའམ་བསྡུས་ན་པ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་དབྱིངས། པ་ཡིག་ནི་ལྷ་འདི་ཉིད་མཚོན་པ་ཡིན་ནོ། །ལྷ་སྐུ་ཡིག་འབྲུའི་བསྐྱེད་གནས་ནི། ལུས་ཀྱི་ཤེ་ཐུན་ཞེས་པ་སྙིང་རྩ་ལའོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ལྷག་མཐོང་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་མ་རིག་རྨོངས་པར་འཁྲུལ་ལ། གྲོལ་ན་ཡེ་གཤེན་རླུང་གི་འདབ་མ་ཅན་དང་ཐུགས་རྗེ་མཁའ་ཡངས་མ་དང་གཉིས་མེད་དུ་འགྲུབ་ལ། མ་རྟོགས་ན་འཁོར་བའི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །
Domain ཆོས་ལུགས།