12765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་སྡེ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་བ་སྡེ་དྲུག་ནི། མ་ཧཱ་ཡོ་གའི་སྒྲུབ་སྡེའི་ཕྱོགས་ཀྱི་རྣམ་གྲངས་ལ། བཀའ་བརྒྱད་རྣམ་བཤད་ལས། དམ་ཅན་སྲོག་གི་སྒྲུབ་པ་དང་། དྲག་སྔགས་སྒྲུབ་པ་དང་། ངན་སྔགས་སྒྲུབ་པ་གསུམ་ལས། དང་པོ་ལ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་སྲོག་སྒྲུབ་པ་གཉིས་ལས། དང་པོ་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རིགས་དྲུག་ཏུ་འདུས་ཏེ། འཇམ་དཔལ་སྐུའི་སྒྲུབ་པ་ནས་མ་མོ་རྦོད་གཏོང་གི་སྒྲུབ་པའི་བར་གསང་བ་སྡེ་དྲུག་ཏུ་གྲགས་པ་རྣམས་སོ། །དེ་དག་རེ་རེ་ལའང་སྒྲུབ་ཐབས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། འཇམ་དཔལ་སྐུའི་སྒྲུབ་པ་ཐམས་ཅད་ཡ་མཱནྟ་ཀའི་སྲོག་ཏུ་འདུས། པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་མགྲིན་གྱི་སྲོག་ཏུ་འདུས། ཡང་དག་ཐམས་ཅད་ཧེ་རུ་ཀའི་སྲོག་ཏུ་འདུས། བདུད་རྩི་ཐམས་ཅད་ཆེ་མཆོག་གི་སྲོག་ཏུ་འདུས། ཕུར་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྲོག་ཏུ་འདུས། མ་མོ་ཐམས་ཅད་ཀུན་ཏུ་བཟང་མོའི་སྲོག་ཏུ་འདུས་སོ། །ཞེས་གསུངས་པ་ལྟར། འཇམ་དཔལ་སྐུ་ཡི་སྒྲུབ་པ། པདྨ་གསུང་གི་སྒྲུབ་པ། ཡང་དག་ཐུགས་ཀྱི་སྒྲུབ་པ། བདུད་རྩི་ཡོན་ཏན་གྱི་སྒྲུབ་པ། ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ། མ་མོ་རྦོད་གཏོང་གི་སྒྲུབ་པ་བཅས་དྲུག་གོ །
Domain ཆོས་ལུགས།
གསང་བ་སྡེ་དྲུག་ (2)
Part of speech མིང་ཚིག
Definition སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ། མཇུག་སྡུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོ། །ཞེས་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་གསལ།