12849
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གླང་རས་པ་གྲགས་པ་རྒྱལ་མཚན་གྱི་སྐུ་མཆེད་གཉིས་ཡོད་པའི་ཆུང་བ། ཡབ་རྡོར་སྲུང་དང་ཡུམ་རོག་ཐོག་བཟའ་ཨ་སྐྱིད་མ་གཉིས་ལ་སྲས་པོ་མེད་ཀྱང་སྲས་མོ་གཉིས་ཡོད་པའི་ཆུང་བ་རུ་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༩༢ ལོར་ཡུལ་གཙོ་ཕུ་ནང་དུ་སྐུ་འཁྲུངས། ཆུང་ངུ་དུས་མཚན་ལ་ཆོས་འཛོམས་ཞུ། ཆུང་ངུ་ནས་ཁོ་བོ་བླ་མ་གྲགས་པ་རྒྱལ་མཚན་ལ་དད་འདུན་དང་དྲུང་ནས་མི་འབུད་པར་འདུག ཁུ་བོ་བླ་མས་བུ་མོ་འདི་གཞན་ལ་མི་འདྲ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་གསུངས། ལོ་བཅུ་གསུམ་ཐོག་སྐྱོ་ཁོ་བྲག་ཏུ་ཆོས་རྗེ་རིན་པོ་ཆེ་བཞུགས་པ་མཇལ། བླ་མ་ལ་དད་འདུན་ཆེ་བ་སྒྲོལ་མ་དང་ཡིག་དྲུག་རྒྱུན་དུ་བཟླ། འབའ་རོམ་པའི་ལུས་སྦྱིན་ཉིན་རེ་བཞིན་གཏོང་ཞིང་། ཕ་མ་ལ་གུས་པ། ལེེགས་པའི་ཡོན་ཏན་བཅུ་དང་ལྡན་པ་སྟེ། དེ་ཉིད་བླ་མ་ཆོས་རྗེ་རིན་པོ་ཆེ། སྤྱི་འདུ་རྒྱ་དཔོན་གྱི་གདན་དྲངས་ནས་ཁྲོམ་པ་སྟོང་ཚོ་གསུམ་ཡོད་པ་ལ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཆེན་བསྐུར་ཚེ། ཁྲོམ་པ་ཐམས་ཅད་ཀྱི་གླང་བཟའ་དེ་ལ་དད་པ་མོས་གུས་དགའ་བྲོ་ཆེ་བར་བྱེད་ཅིང་ཐམས་ཅད་རྩེ་འཇོ་སྔོན་བསུ་བྱེད་ནས་འདུག་པས། མི་ཐམས་ཅད་ཀྱི་གླང་པ་བཟའ་ཁྲོམ་དགའ་མ་བཏགས་ནས། རྩོ་ཕུ་མདའ་ཡི་ཡར་གྲོང་མར་གྲོང་ཁྱིམ་ཐམས་ཅད་ཀྱི་ཨ་ཞེ་ཁྲོམ་དགའ་མ་ཟེར། མོ་ལོ་བཅོ་བརྒྱད་ས་གླང་ཕྱི་ལོ་ ༡༤༠༩ ལོར། ཁུ་བོ་གླང་རས་ནས་སེམས་ཁྲིད་ངོ་སྤྲད། ཕྱག་ཆེན་སྐྱེས་སྦྱོར་སོགས་ཟབ་ཁྲིད་གནང་མ་ཐག་ཞག་བདུན་གསུམ་ཉེར་གཅིག་ནས་རྟོག་པ་མངོན་དུ་གྱུར། ཆོས་རྗེ་རིན་པོ་ཆེའི་དྲུང་ནས་འཁྲུལ་འཁོར་རྩ་ཁྲིད་རླུང་ཁྲིད་གནང། ཕྱག་ཆེན་སྔོན་འགྲོ་ལུང་བྱང་ཚང་བར་གནང་བས་ཉམས་ལེན་ཁོང་དུ་ཆུད། སྣང་བ་མངོན་དུ་གྱུར། དབྱར་སྟོད་ཆུ་དམར་རྒྱས་དུས་ལྭ་བ་ཅིག་མཆན་དུ་བཅུག་ནས་ཆུ་ལ་འཕེན་ནས་དེའི་སྟེང་ནས་བ་ར་བོང་བུ་ལུག་ནོར་ཕར་རུ་ལ་དེད་འགྲོ་ཞིང་དགོང་མོ་ཚུར་ལ་བསྐོར་ཡོད། རྟ་རྒོད་མ་དང་གཡག་གཉིས་བཅས་ཀརྨ་པ་དེ་བཞིན་གཤེགས་པ་ཁམས་ཡུལ་ནས་མར་བྱོན་སྐབས་ཕུལ་བས། ཚུར་ལ་གསོལ་འདེབས་ཕྱག་བྲིས། དམ་རྫས་བྱི་རུ་བརྒྱ་ཞག་གཅིག་གནང་བྱུང། ཆོས་རྗེ་རིན་པོ་ཆེའི་ཞལ་ནས་ཨ་ཁྲོམ་ཁྱོད་ཀྱི་ལག་ཏུ་ཕྱིན་པ་དེ་གཏེར་ཟོག་རེད་གསུངས། ཆོས་རྗེ་རིན་པོ་ཆེ་སྐྱོ་བྲག་རི་རྩེར་བཞུགས་ཚེ། མོ་རང་དེར་ལོ་གསུམ་དགེ་སྦྱོར་མ་ཎི་དུང་ཕྱུར་ཕྱེད་གཉིས་གྲུབ་ནས། ཉམས་དང་དག་སྣང་མ་འོངས་ལུང་བསྟན་མང་རབ་བྱུང་བར་ཆགས་ཆེ་བར་མ་བཞག། མོ་རང་གི་སྐྱོ་བྲག་མགོར་ཉི་མ་ཐིག་ལེ་བསྒྲིགས་འདྲ་ཉེར་གསུམ་ཤར་བ་རྨིས་པས། བླ་མ་རིན་པོ་ཆེའི་ཆོས་བརྒྱུད་འཛིན་པའི་བླ་རབས་ཉེར་གསུམ་འོང་བར་གདའ་གསུངས། མཐར་དགུང་ལོ་སོ་བརྒྱད་རབ་བྱུང་བདུན་པའི་ས་བྱ་ཕྱི་ལོ་ ༡༤༢༩ ལོའི་སྤྲེལ་ཟླའི་ཚེས་བཅུ་ལ་སྐུ་གཤེགས་སོ། ། |