12872
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས་འཆང་ནམ་མཁའ་རིན་ཆེན་བཟང་པོས་མཛད་པའི་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་ཞིག་སྟེ། ཨེ་དང་ཝཾ་བཅས་པོད་གཉིས་སུ་བཞུགས། འདིའི་མཛད་བྱང་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་འདི་ནི། རིགས་གཟུགས་ལ་སོགས་པ་ཡོན་ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ་བའི་ཟུར་གྱི་སྔགས་འཆང་སེངྒེ་དཔལ་བཟང་པོ་དང་། རྡོ་རྗེ་འཆང་གཉིས་ཀྱིས་ལས་དང་པོ་པ་དགུང་ལོ་བཅུ་པ་དང་བདུན་པའི་དུས་སུ་བསྐུལ་བའི་ངོར། སྒྱུ་འཕྲུལ་རྒྱ་མཚོ་ལ་སོགས་པའི་བཤད་རྒྱུད་ཆེན་པོ་སྡེ་བཞི་དང་། གཞན་ཡང་སྔགས་ཀྱི་རྒྱུད་སྡེ་དུ་མ་དང་། འགྲེལ་པ་སྤར་ཁབ་དང་། པིན་ཏར་ཐ་དང་། རྣམ་བཤད་དང་། སྤྱན་འགྲེལ་ལ་སོགས་པའི་རྒྱ་འགྲེལ་རྣམས་དང་། མངོན་རྟོགས་འགྲེལ་ལ་སོགས་པའི་བོད་ཀྱི་འགྲེལ་པ་རྣམས་དང་། སྔོན་གྱི་བླ་མ་དམ་པ་མཁས་ཤིང་གྲུབ་པ་ཐོབ་པ་ཆེན་པོ་རྣམས་ཀྱི་གསུང་སྒྲོས་དང་། གསང་བདག་ཆེན་པོ་སྒྲོ་ཕུག་པའི་བཤད་སྲོལ་གྱི་གསུང་སྒྲོས་མ་ནོར་བ་རིམ་པ་ནས་རིམ་པར་བརྒྱུད་པ་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་བྱམས་པ་སེངྒེའི་གསུང་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་བསམ་གྲུབ་རྡོ་རྗེས་ལྕགས་ཕོ་རྟའི་ལོ་ལ་སྒྲུབ་གནས་དམ་པ་དཔལ་འུག་པ་ལུང་གི་གཙུག་ལག་ཁང་དུ་ལེགས་པར་བཀོད་པའི་འགྲེལ་བཤད་གཞིར་བཞག་པ་ལ། བླ་མ་རྒྱ་གབ་གོང་པས་མཛད་པའི་ཊཱིཀ་རིན་ཆེན་ཕྲེང་བ་དང་། མཁས་གྲུབ་ཆེན་པོ་བཛྲ་ཤྲཱི་བྷ་དྲས་མཛད་པའི་འགྲེལ་བཤད་ཀྱང་ཁོང་དུ་ཆུད་པར་བྱས་ཏེ་ལས་དང་པོ་པའི་དོན་དུ་ཊཱིཀ་བཀླག་ཆོག་གྱུ་རུ་ལུགས་སུ་བྲིས་པ་འདི་ནི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་བྱ་བའི་ཕྱིར་དུ་ཆོས་སྨྲ་བའི་སྔགས་པ་དྷ་རྨ་ཀཱིརྟི་དང་། ཤཱཀྱའི་བཙུན་པ་རཏྣ་ཀུ་མཱ་ར་ཤྲཱི་བྷ་དྲ་ལ་སོགས་པས་བསྐུལ་བའི་ངོར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་བསམ་གྲུབ་རྡོ་རྗེ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་དྲི་མ་མེད་པ་ལ་གཏུགས་ཤིང་། གསུང་གི་བདུད་རྩིའི་རྒྱུན་མྱང་བར་གྱུར་པའི་སྔགས་པ་ནམ་མཁའ་རིན་ཆེན་དཔལ་བཟང་པོས་ཆུ་མོ་སྦྲུལ་གྱི་ལོ་ཆུ་སྨད་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་གཙང་བྱེ་མ་སེངྒེའི་དབེན་གནས་བདེ་ཆེན་སྒྲོལ་མར་ཡོངས་སུ་རྫོགས་པར་སྦྱར། ཞེས་གསུངས། |