12876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བར་འོས་པའི་བོན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཀྱི་དབང་དམ་མེད་པའི་སྐྱེ་བོ་ཐ་མལ་བ་རྣམས་ལ་གསང་བར་འོས་ཤིང་སྐལ་ལྡན་གསང་སྔགས་དོན་གཉེར་བ་དག་གི་ཡིད་གཏིང་དུ་གབ་ཅིང་སྦ་བྱའི་ཐུགས་ཀྱི་དམ་ཚིག་གི་བསྲུང་བྱའི་བོན་རྣམས་ཡིན། དེ་ལ་ཡང་རྣམ་གྲངས་སམ་དབྱེ་ན་གཉིས་ཏེ། འགུ་ཡ་ལས། གསང་བར་འོས་པ་རྣམ་གཉིས་ཏེ། རྫས་དང་དཀྱིལ་འཁོར་ལ་སོགས་དང་། སེམས་ཅན་ངན་སྤྱོད་གསང་བའོ། །ཞེས་པས། དབྱེ་བ་དེ་གཉིས་ལས། དང་པོ་རྫས་དང་དཀྱིལ་འཁོར་སོགས་ཏེ་མདོར་བསྡུས་ན། རཀྟ་དང་། ཆང་ཕུད། གཏོར་མ། ཚོགས། བྷན་དྷ། ཕུར་པ། མར་མེ། ཕྱག་ཆ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་རྒྱུད་གཞུང་རང་རང་གི་སྒོ་དང་བསྟུན་པའི་སྒྲུབ་རྫས་རྟེན་རྫས་རྒྱན་རྫས་མཆོད་རྫས་གང་མཆིས་རྣམས་སོ། །དེ་དག་གོང་བཤད་ལྟར་དབང་དམ་མེད་པའི་སྐྱེ་བོས་མ་མཐོང་བར་བྱ་དགོས་ཤིང་། གལ་སྲིད་དེ་དག་ལས་རྔ་གཤང་ལ་སོགས་སྐྱེ་བོ་ཐ་མལ་བའི་དྲུང་དུ་དཀྲོལ་དགོས་བྱུང་ན། སྐྱེ་བོ་གང་དེས་རྔ་གཤང་སོགས་ལ་རྡུལ་ཕྱིས་གཙང་བར་བྱ་བའི་ཞོར་སྟབས་སུ་རྔ་གཤང་ལྟ་བུ་དཀྲོལ་བའི་གནང་བ་ཡོད་པར་གསུངས་སོ། །གཉིས་པ་སེམས་ཅན་གྱི་ངན་སྤྱོད་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བཅུ་ལ་སྤྱོད་པ་དང་དམ་ཚིག་ལས་འདའ་བར་བྱེད་པ། བསྟན་འགྲོའི་དོན་ལ་གནོད་པའི་ལས་ཀྱི་རིགས་གང་དག་རྣམས་སོ། །དེ་ཉིད་གསང་བའི་དགོས་པ་ནི། འགུ་ཡ་ལས། སེམས་ཅན་ངན་སྤྱོད་གསང་བ་ནི། འགྲོ་བའི་སྤྱོད་པ་ངན་པ་དང་། མཚང་ཅན་རྣམས་ཀྱི་མཚང་རྣམས་དང་། སེམས་ཅན་ཀུན་ལ་གནོད་པ་ཡི། ངན་སྤྱོད་ཀུན་ལ་གསང་བྱས་ན། བྱང་ཆུབ་འཐོབ་པའི་རྒྱུ་རུ་འགྱུར། ཞེས་པས། ངན་སྤྱོད་དེ་རིགས་གསང་བས་བྱ་ངན་དེ་དག་གི་རྐྱེན་པས་གཞན་ལ་བསླུ་བྲིད་ཀྱིས་ལམ་ལོག་པར་བསྒྱུར་བ་དང་ངན་དཔེ་མར་ལྟོས་སུ་མི་འགྱུར་བའི་དགེ་མཚན་ཡོད་ལ་བརྒྱུད་ནས་ཀྱང་བྱང་ཆུབ་འཐོབ་པའི་རྒྱུ་རུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།