12904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་སྒྲོག་གི་ཉེས་པ་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། སློབ་དཔོན་ལྟུང་བ་ཅན་དུ་འགྱུར་བ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་དང། སློབ་མའང་སྔོན་དུ་ཉམས་པར་འགྱུར་བ་ནི། དེ་ཉིད་བསྡུས་པ་ལས། དེ་ནི་འདི་ལྟར་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི། སེམས་ཅན་དེ་དག་གིས་ཕྱག་རྒྱ་བཅིང་བར་བྱས་ནས། དེའི་ཚེ་དེ་དག་དེ་ལྟར་འགྲུབ་པར་མི་འགྱུར་རོ། །དེ་ནས་དེ་དག་ཐེ་ཚོམ་དུ་འགྱུར་ཏེ། གནོད་པ་མ་སྤངས་པས་མྱུར་བ་ཉིད་དུ་དུས་བྱས་ནས་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་བར་ལྟུང་བར་གྱུར་ཏོ། །ཁྱོད་ཉིད་ཀྱང་ངན་སོང་དུ་ལྟུང་བར་འགྱུར་རོ། །ཞེས་དང་། རྒྱུད་རྡོ་རྗེ་ཕྲེང་བ་སོགས་ལས། དབང་མ་བསྐུར་བ་ལ་གསང་སྔགས་བཤད་པའི་ཉེས་དམིགས་མང་དུ་གསུངས་པ་དང། གཞན་ཡང་དགྲ་ནག་གི་རྒྱུད་སོགས་ལས། དབང་མ་བསྐུར་བའི་སེམས་ཅན་ལ་གསང་སྔགས་སྒྲོགས་པ་ལ་ལྟུང་བ་འབྱུང་བར་གསུངས་པའི་ཕྱིར། སྨིན་བྱེད་ཀྱི་དབང་བླ་མ་ཚད་ལྡན་ལས་རྒྱུད་སྡེ་ལས་ཇི་ལྟར་གསུངས་པ་བཞིན་བླངས་ནས་དམ་ཚིག་དང། སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་འབད་པར་བྱའོ་ཞེས་སོ། །པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་རྣམ་བཤད་རྒྱན་གྱི་མེ་ཏོག་ལས། རྣལ་འབྱོར་ཆེན་པོའི་གསང་སྤྱོད་རྣམས། དབང་མ་ཐོབ་པ་རྣམས་ལ་སྟོན་ཅིང་སྒྲོགས་པར་བྱེད་པ་ནི་མི་རུང་སྟེ། རྡོ་རྗེ་གུར་སོགས་ལས་རྩ་ལྟུང་དུ་གསུངས་པའི་ཕྱིར་དང། རྩ་ལྟུང་གི་དོན་ཡང་མ་བསྲུངས་པ་དང་བསྲུངས་པ་ལས། རིམ་བཞིན་ཉེས་པ་དང་དངོས་གྲུབ་ཀུན་གྱི་རྩ་བར་གསུངས་པའི་ཕྱིར། ཇི་ལྟར་གསུང་ན་གུར་ལས། སྐལ་མེད་དེ་ཉིད་གཏམ་མི་བྱ། །ཞེས་དང། རྩ་ལྟུང་བཅུ་བཞི་པ་ལས་ཀྱང། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་གསུངས་སོ། །འདིར་དཔྱད་པའི་དོགས་པ་སྔར་དབང་གིས་སྨིན་ཞིང། རྣལ་འབྱོར་ཆེན་པོའི་གསང་སྤྱོད་ཤེས་པ་ཕྱིས་རྩ་ལྟུང་གིས་དབང་གི་དམ་ཚིག་ཉམས་པ་དེ་ལ་དབང་ཐོབ་དམ་ཚིག་ཉམས་པས། རྣལ་འབྱོར་ཆེན་པོའི་གསང་སྤྱོད་སྨྲས་ན། གསང་སྒྲོག་ཏུ་འགྱུར་རམ་མི་འགྱུར་སྙམ་ན། རྣམ་དབྱེ་འདི་ལྟར་ཕྱེད་དགོས་ཏེ། དམ་ཚིག་ཉམས་པ་དེ་སྣོད་དང་མི་ལྡན་པ་ཡིན་པས་དེ་ལ་གསང་སྤྱོད་སྨྲ་བ་ལ་ལྟུང་བ་ཅུང་ཟད་འབྱུང་ལ། འོན་ཀྱང་རྩ་ལྟུང་ཉིད་མི་འབྱུང་སྟེ། གསང་བ་སྨྲས་པའི་ཚེ་སྔར་མ་ཤེས་པ་གསར་དུ་གོ་བ་མེད་པས་དུས་སྐབས་ཀྱི་ཡན་ལག་མ་ཚང་བའི་ཕྱིིར་རོ་ཞེས་གསུངས་སོ། །
Domain ཆོས་ལུགས།