12968
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་འཆད་ཚུལ་ཉེས་པའི་སྐྱོན་བརྒྱད་ནི། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྐལ་བ་དང་ལྡན་པ་ལ་འཆད་པའི་ཚེ། རྒྱུད་དཀྲུགས་པ་བསྡེབས། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་ཕྱུང་ནས་འཆད་དགོས་ཏེ། གསང་སྔགས་འཆད་ཚུལ་ཉེས་པའི་སྐྱོན་བརྒྱད་ཀྱི་དབང་དུ་མི་གཏང་བའི་ཕྱིར་རོ། །སྐྱོན་བརྒྱད་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་ཁྱད་པར་མེད་པར་བཤད་ན་རྡོ་རྗེ་ཐེག་པ་ན་བབས་ཀྱིས་བཤད་པའི་སྐྱོན། སྔགས་ཕྱི་ནང་གི་ཁྱད་པར་མེད་པར་བཤད་ན་བསྙེན་སྒྲུབ་བཞིའི་དོན་ལ་གོལ་ཏེ་ཡོ་ག་འབྲོག་འཆོལ་བའི་སྐྱོན། འབྲེལ་ཚུལ་གཉིས་དང་མ་འབྲེལ་བར་བཤད་ན་སྨྱོན་པའི་ཚིག་ལྟ་བུའི་སྐྱོན། སྤྱི་དང་ཁྱད་པར་གྱི་དགོས་ཆེད་མེད་པར་བཤད་ན་དོན་མེད་ཕྱལ་བའི་སྐྱོན། རྟོག་གེ་དང་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན་མཛངས་པ་ལྕེ་རྡུམ་གྱི་སྐྱོན། མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན་ལོང་བས་ལོང་ཐུག་ལྟ་བུའི་སྐྱོན། མངོན་པར་རྟོགས་པའི་གོ་རིམ་སྡེབ་མ་ཤེས་ན་བདུད་རྩི་རོ་ཉམས་ལྟ་བུའི་སྐྱོན། གོང་འོག་གི་འཁྲུགས་སྡེབ་མ་ཤེས་ན་རིན་པོ་ཆེ་རྩར་འཆོལ་བ་ལྟ་བུའི་སྐྱོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |