13063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསལ་བ་དགུ་འཛབ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་འདུས་དོན་གྱི་རྒྱུད་ལས། གཤེན་ལྷ་དཀར་པོའི་ཐུགས་ཀྱི་འཛབ། ཅེས་པས། གཤེན་ལྷ་ལ་ཡང་གདགས་སུ་ཡོད་པའི་གཤེན་ལྷ་དང་གདགས་སུ་མེད་པའི་གཤེན་ལྷ་གཉིས་ཡོད་པ་ལས་འདིར་བརྡ་གདགས་སུ་མེད་པའི་གཤེན་ལྷ་ལ་བྱ་བས་དེའི་སྙིང་པོ་ནི། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཞེས་པ་འདིའོ། །དེ་ལ་གསལ་བ་དགུ་འཛབ་ཅེས་པའི་དོན་ཡང་། དང་པོར་ཨ་དཀར་པོས་སྐྱེ་མེད་གཞིའི་དོན་གསལ་བར་མཚོན་པས་གསལ་བ་ཞེས་བརྗོད་པའམ་ཡང་ན་ཨ་ཡིས་མཚོན་ནས་གནས་ལུགས་གཞིའི་དོན་སྒོམ་པས་ཕུང་པོ་གཞིའི་མཚན་མ་ཀུན་སངས་ཏེ་རང་འབྱུང་གཤེན་ལྷའི་སྐུ་མངོན་པར་གསལ་བས་ན་དེ་ལྟར་བརྗོད་པའོ། །ཡང་དགུ་འཛབ་ཅེས་པ། དགུ་ནི་ཡིག་འབྲུ་དགུའི་གྲངས་ཚད་ཡིན་ལ། འཛབ་ནི་ལེགས་སྦྱར་སྐད་དུ་བཟླས་པའི་དོན་ཅན་ཛཱཔཱ་ཞེས་པའི་ཟུར་ཆགས་ཡིན་ཟེར་ལ་དོན་དུ་བཟླ་བྱའི་ཡི་དམ་སོགས་ཀྱི་སྙིང་པོའམ་བསྙེན་པ་ལ་གོའོ། ། འབྲུ་དགུ་དེ་དག་མཚོན་དོན་ནི་འདི་ལྟར་ཏེ། གསང་འདུས་དོན་རྒྱུད་ལས། ཨཱ་རིང་ངོ་བོ་གཡོ་བ་མེད། ཅེས་པས། ཨཱ༷་རིང་ཞེས་པ་འོག་ཏུ་འ་བཏགས་ཀྱིས་སྒྲ་རིང་བར་འབྱིན་པས་ཡིན་ལ་དེས་གཞིའི་ངང་ཚུལ་མ་གཡོས་མ་བཅོས་མཉམ་པའི་རང་བཞིན་ཅན་དེ་མཚོན་ལ། ཨ་ཐུང་རང་བཞིན་སྐྱེ་བ་མེད། ཅེས་པས། ཡིག་འབྲུ་ཨ༷་ཐུང་ཞེས་པ་སྔར་ལྟར་འ་བཏགས་མེད་པས་སྒྲ་རིང་པོ་འབྱིན་མི་དགོས་པས་ཡིན་ལ། དེས་གནས་ལུགས་དེ་ཁོ་ན་ཉིད་དེ་དུས་གསུམ་ལ་སྐྱེ་བ་མེད་པ་སྟེ། སྔར་འདས་པའི་དུས་དེར་མ་སྐྱེས་ལ་ད་ལྟའི་དུས་འདིར་ཡང་མི་སྐྱེ་ཞིང་མ་འོངས་པ་ཡང་སྐྱེ་བ་མེད་ལ་དེ་ལྟར་སྐྱེ་བ་མེད་པས་འགག་པ་ཡང་མི་འབྱུང་བས་སྐྱེ་འགག་གཉིས་མེད་ཀྱི་རང་བཞིན་དེ་མཚོན་ནོ། །དཀར་བས་བག་ཆགས་སྐྱོན་དང་བྲལ། ཞེས་པས། ཡིག་འབྲུ་དཀ༷ར་གྱིས་གནས་ལུགས་ཀྱི་དབྱིངས་སུ་ཉེས་པའི་སྐྱོན་སྒྲིབ་ཀུན་ཉེ་བར་ཞི་སྟེ་དེའི་རྩལ་ལས་མི་རྟོག་པའི་ཡེ་ཤེས་ལྷང་ངེར་གསལ་བར་མཚོན། སལེ་མཚན་མ་རྩེ་གཉིས་མེད། ཅེས་པས། ས༷ལེ་ཡིས་མ་རྟོགས་པ་ཐེ་ཚོམ་བློ་ཡི་མཚན་མ་ཐམས་ཅད་གཞིིའི་དབྱིངས་སུ་དག་ཅིང་སངས་པར་མཚོན། འོ༷ད་ནི་བློ་རྟོག་སེམས་སུ་གྲོལ། ཅེས་པས། ཡིག་འབྲུ་འོ༷ད་ཀྱིས་གཟུང་འཛིན་གྱིས་བསྡུས་པའི་ཀུན་བརྟག་གི་མདུད་རྒྱ་ཇི་སྙེད་པ་ཀུན་ཞིག་སྟེ་སེམས་ཀྱི་ཆོ་འཕྲུལ་དུ་ངོ་ཤེས་པར་མཚོན། ཨ་ནི་རྣམ་གྲོལ་བསྡུད་པའི་ཡུལ། ཞེས་པས། ཨ༷་ཡིས་རྣམ་གྲོལ་གྱི་གཙོ་བོ་སྟེ་མཚན་བཅས་རྣམ་རྟོག་ཀུན་མཚན་མེད་བོན་དབྱིངས་སུ་བསྡུ་བར་མཚོན། ཡང་ནི་ཡེ་ཤེས་བསྡུད་པའི་རླུང། ཞེས་པས། ཡིག་འབྲུ་ཡ༷ང་གིས་བྱིང་དང་རྨུགས་པའི་ཚོགས་རྣམས་སེལ་ཏེ་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་མཚོན། ཨཱོྃ་ནི་སྐུ་ལྔ་ཡེ་ཤེས་ལྔ། ཞེས་པས། ཡིག་འབྲུ་ཨཱོ༷ྃ་གྱིས་མཚན་མའི་དཀྱིལ་འཁོར་སྐུ་ལྔ་དང་ཡེ་ཤེས་ལྔ་བཅས་སེམས་ཀྱི་ངང་དུ་རྫོགས་པར་མཚོན། འདུ་ནི་སེམས་ཉིད་ཐིག་ལེ་གཅིག ཅེས་པས། ཡིག་འབྲུ་འདུ༷་ཡིས་སེམས་ཉིད་ཐིག་ལེ་ཉག་གཅིག་གི་དོན་ལ་བཏང་བྲལ་མེད་པ་གནས་པར་མཚོན་པ་བཅས་སོ། ། དེ་དག་ཡང་གཞི་དང་ལམ་དང་འབྲས་བུའི་ཡི་གེ་རུ་ཡིག་འབྲུ་གསུམ་རེར་ཕྱེ་བ་ཡང་ཡོད་དེ། གསང་འདུས་དོན་རྒྱུད་ལས། བཅོས་སླད་ཐ་སྙད་མེད་པའི་སྒྲ། ཨ་དཀར་གསལ་བ་དགུ་ཡི་འཛབ། གཞི་ཡི་ཡི་གེ་འབྲུ་གསུམ་གྱིས། འཁོར་འདས་ཡིན་ཚུལ་གཏན་ལ་དབབ། ལམ་གྱི་ཡི་གེ་འབྲུ་གསུམ་གྱིས། མཚན་མའི་བག་ཆགས་དབྱིངས་སུ་བྱང། འབྲས་བུའི་ཡི་གེ་འབྲུ་གསུམ་གྱིས། བོན་ཉིད་དབྱིངས་སུ་ལ་ཟླའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:གསལ་བ་དགུ་འཛབ་

|; |@@@ | | }}