13245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུང་རབ་ལས་བཤད་པའི་དུས་ཚིགས་བཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གསུང་རབ་ལས་བཤད་པའི་དུས་ཚིགས་བཞི་ནི་དབྱར་སྟོན་དགུན་དཔྱིད་བཞི་ཡིན་ལ་དེ་རེ་རེ་ལ་ར་བ་འབྲིང་པོ་ཐ་ཆུང་གི་རྣམ་གཞག་མཛད་པ་ཡིན་ནོ། །དེའི་ཚུལ་རྒྱས་པར་དང་གསོ་སྦྱོང་བཅུ་བཞི་པའི་ཚུལ་བཅས་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུང་རབ་ལས་ནི་དུས་ཚིགས་ལ་བཞི་དང་ར་བ་འབྲིང་པོ་ཐ་ཆུང་གི་རྣམ་གཞག་མཛད་པ་གཙོ་ཆེ་བར་ཡོད་ལ། དེ་རྣམས་ཀྱི་ཉ་སྐར་གང་ཡིན་པ་ཡང་། མགོ་དང་རྒྱལ་དང་མཆུ་དང་གསུམ། །དགུན་ཟླ་གསུམ་གྱི་ཉ་སྐར་ཡིན། །དབོ་དང་ནག་པ་ས་ག་གསུམ། །དཔྱིད་ཟླ་གསུམ་གྱི་ཉ་སྐར་ཡིན། །སྣོན་དང་ཆུ་སྟོད་གྲོ་ཞུན་གསུམ། །དབྱར་ཟླ་གསུམ་གྱི་ཉ་སྐར་ཡིན། །ཁྲུམས་དང་དབྱུག་པ་སྨིན་དྲུག་གསུམ། །སྟོན་ཟླ་གསུམ་གྱི་ཉ་སྐར་ཡིན། །ཅེས་སྦྱར་བར་བྱ་ལ། དེ་རྣམས་ཀྱི་ནང་ནས། རྒྱལ། དབོ། ས་ག ། ཆུ་སྟོད། ཁྲུམས་སྨད། སྨིན་དྲུག་གི་ཟླ་བ་རྣམས་ཀྱི་མར་ངོ་གསོ་སྦྱོང་བཅུ་བཞི་པ་བྱ་བ་ཡིན་ཏེ། དགེ་ཚུལ་གྱི་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། ཞེས་གསུངས། དེ་ཡང་དུས་ཚིགས་ལ་དྲུག་ཏུ་ཕྱེ་བའི་རེ་རེའི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཕྱེད་ཕྱེད་ལུས་པ་ན་བྱ་བ་ཡིན་ཏེ། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། ཞེས་དང་། མདོ་འདིར་ཡང་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཞེས་གསུངས། གོ་སླ་བའི་དབང་དུ་བྱས་ན། ཧོར་ཟླ་བཅུ་གཅིག་པ། དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ་རྣམས་ཀྱི་མར་ངོ་ལ་འབྱུང་བ་ཡིན་ནོ། །དེ་ལ་ཁོ་ན་རེ། རྒྱ་ཆེར་འགྲེལ་ལས། དབྱར་དགུན་འབྲིང་ཐུབ་པ་དང་། སྟོན་དཔྱིད་འབྲིང་མི་ཐུབ་པར་བཤད་པ་མི་འཐད་པར་ཐལ། དེ་ལས་བཟློག་སྟེ་དབྱར་དགུན་འབྲིང་མི་ཐུབ་པ་དང་། སྟོན་དཔྱིད་འབྲིང་ཐུབ་པར་ཁྱོད་འདོད་པར་འདུག་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། མདོ་དང་བམ་ལྔ་རྒྱ་ཆེར་འགྲེལ་གསུམ་གྱི་སྐབས་སུ། ལོ་ཙྪ་བ་རྣམས་ཀྱིས་བོད་ཀྱི་རྒྱལ་པོ་དང་བསྟུན་ནས་ཡར་ངོ་སྔོན་འགྲོར་བསྒྱུར་བའི་སྐྱོན་ཡིན་གྱི། དངོས་པོ་ལ་གོང་དུ་བསྟན་པ་ལྟར་གཞུང་གི་དགོངས་པར་གནས་པའི་ཕྱིར་ཏེ། ཁྱོད་ལྟར་ན་ཧོར་ཟླ་བཅུ་གཅིག་པ་རིལ་པོ་དགུན་ཟླ་གཉིས་སུ་ཕྱེ་བའི་དང་པོར་འདོད་དགོས་པས། དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ལ་གསོ་སྦྱོང་མི་ཐུབ་པར་བཤད་པ་དང་འགལ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གསུང་རབ་ལས་བཤད་པའི་དུས་ཚིགས་བཞི་

|; |@@@ | | }}