13488
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། ནད་རྩིས་ཐང་ཤིང་གི་རྩིས་མིག་བཅུ་དྲུག་པོ་འཕྲེད་དུ་བང་བསྒྲིགས་ནས་བཞག་པ་ལས་དངོས་བསྟན་བཅོ་ལྔའི་འབབ་རྡེལ་དག་གི་གྲས་སུ་རྡེའུ་དཀར་པོ་བཞི་ཐུར་དུ་འབྲེལ་ན་གསེར་ཟམ་ཆགས་ཞེས་དང་། རྡེའུ་ནག་པོ་བཞི་ཐུར་དུ་འབྲེལ་ན་གསེར་ཟམ་འགྱེལ་ཞེས་ཟེར་ཞིང་། འདི་ནི་མཁས་པ་རྒྱ་ཅང་ལའུའི་བཞེད་པ་ཡིན། འབྲེལ་བའི་རྡེའུ་བཞི་རྩིས་མིག་གང་གི་སྲོག་ལུས་དབང་ཀླུང་བཞིའི་རྡེའུ་ཡིན་ཞིང་། དེ་ལྟར་ན་རྩིས་མིག་རེ་རེ་ལ་གསེར་ཟམ་རེ་ཡོད་པས་གསེར་ཟམ་བཅོ་ལྔའི་རྩིས་ཞེས་ཟེར་བ་ཡིན། དེ་ལྟའི་གསེར་ཟམ་ཆགས་པའི་རྩིས་མིག་དེ་ཕའམ་སྐྱེས་པའི་ས་ཞེས་པ་རྩིས་མིག་བཅོ་ལྔ་པོ་ཆ་གསུམ་དུ་སྙོམས་བགོས་བྱས་པའི་ལྔ་ཚན་དང་པོར་ཚུད་ན་ཕོ་ལ་ནད་མེད་ཅིང་ཚེ་རིང་ལ་སྲོག་ཆ་བཟང་། མའམ་བུད་མེད་ཀྱི་ས་སྟེ་ལྔ་ཚན་གཉིས་པར་ཚུད་ན་སྲིད་ཀྱི་ཆུ་མིག་བརྡོལ། བུའམ་བྱིས་པའི་ས་སྟེང་ལྔ་ཚན་གསུམ་པར་ཚུད་ན་བྱིས་པར་ལྕགས་མཁར་ཚུགས། གལ་སྲིད་གསེར་ཟམ་གཅིག་ཆགས་ན་ནམ་མཁར་སྤྲིན་ཞགས་ཆགས། གཉིས་ཆགས་ན་སྤྲིན་མཐོངས་ཉི་མ་ཤར། གསུམ་བཞིའི་ཡན་ཆགས་ན་ཤིན་ཏུ་བཟང་བས་ནད་པ་འཚོ་སླ་ཞིང་བསམ་དགུ་འགྲུབ། དེ་མིན་ཕོ་མོའི་བར་དུ་གསེར་ཟམ་གཅིག་ཆགས་ན་གཡུ་ཁྲི་བཤམས། གཉིས་ཆགས་ན་ཁྱོ་ཤུག་གཉིས་ལག་འབྲེལ་བས་བཟང་། མ་བུའི་བར་དུ་གསེར་ཟམ་གཅིག་ཆགས་ན་གསེར་ཟམ་ཚུགས་ཤིང་སེང་གེ་གངས་ལ་སླེབས་ཞེས་བཟང་། གཉིས་ཆགས་ན་མས་པང་དུ་འདེགས་ཞེས་བཟང་། ཡང་དེ་ལྟའི་གསེར་ཟམ་འགྱེལ་བའི་རྩིས་མིག་དེ་ཕ་ས་ལྔ་ཚན་དང་པོར་ཚུད་ན་ཕོའི་སྲོག་ལ་ངན། མ་ས་ལྔ་ཚན་གཉིས་པར་ཚུད་ན་མོ་ལ་མ་བདུད་བབས། བུ་ས་ལྔ་ཚན་གསུམ་པར་ཚུད་ན་བྱིས་པར་སྡོང་པོ་འགྱེལ། གལ་སྲིད་གསེར་ཟམ་གཅིག་འགྱེལ་ན་སྙིང་ཁོང་དུ་མུན་པ་བབས། གཉིས་འགྱེལ་ན་སྡོང་པོ་རྩ་བ་རུལ། གསུམ་བཞིའི་ཡན་འགྱེལ་ན་འབྲས་བུ་རུལ། དེ་མིན་ཕོ་མོའི་བར་དུ་གསེར་ཟམ་གཅིག་འགྱེལ་ན་གཉེན་དགྲ་ཞུགས། གཉིས་འགྱེལ་ན་བྱེ་བྲལ་ངོ་ཡོད། མ་བུའི་བར་དུ་གསེར་ཟམ་གཅིག་འགྱེལ་ན་སྲོག་ཇག་འཇིགས། གཉིས་འགྱེལ་ན་བུ་ཤོར། ཁྲ་བོ་ལུང་མ་བསྟན་གྱི་རིགས་ཡིན་ན་ནད་གདོན་དང་གློ་བུར་བའི་འཇིགས་པ་འབྱུང་བས། བཅོས་སུ་མར་མེ་དང་། འབུམ། གཙུག་ཏོར་བཞི་སྒྲོམ། བརྒྱ་བཞི་བཅས་ཀྱི་རིམ་གྲོ་བྱ་དགོས། དཔག་བསམ་ལྗོན་ཤིང་དུ། གསེར་ཟམ་འགྱེལ་བའི་བཅོས་བྱེ་བྲག་ཏུ་བཤད་པ་ནི་གསེར་ཟམ་དང་པོ་འགྱེལ་ན་ཚེ་སྒྲུབ་དང་ཚེ་གཟུངས། གཉིས་པ་ནས་བཅོ་ལྔ་པའི་བར་འགྱེལ་ན་རེ་རེ་ལ་བཅོས་ཀྱི་རིམ་གྲོ་བསྒྲུབ་ཚུལ་གསུངས་ཡོད། |
| Domain | རྩིས་རིག |