13606

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་སྦྱོང་གི་དུས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གསོ་སྦྱོང་བྱེད་པའི་དུས་ཚོད་གང་གི་སྐབས་སུ་བྱ་བ་ཞེས་པ་དང་དོན་འདྲ། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་དུས་ནམ་གྱི་ཚེ་བྱ་བ་ཡོད་དེ། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་བྱ་བ་ཡིན་པའི་ཕྱིར་ཏེ། དུས་བཟང་བས་གཉེན་པོ་སྟོབས་ཆེ་བ་དང་། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པར་འགྱུར་བའི་ཕྱིར། མདོར། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས། ཁོ་ན་རེ། གསོ་སྦྱོང་བཅུ་བཞི་པ་བྱེད་པ་མི་འཐད་པར་ཐལ། གསོ་སྦྱོང་ཐམས་ཅད་ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་བྱེད་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། གསོ་སྦྱོང་བཅུ་བཞི་པ་བྱེད་པའི་དུས་དེ་ཉིན་ཞག་བཅུ་བཞི་པ་ཡིན་ཀྱང་། ཚེས་ཞག་བཅོ་ལྔ་པ་ཡིན་པའི་ཕྱིར་ཏེ། ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་པའི་ཕྱིར་ཏེ། དེ་མ་ཐུབ་པས་གསོ་སྦྱོང་བཅུ་བཞི་པ་ལ། མི་ཐུབ་པའི་གསོ་སྦྱོང་ཞེས་བརྗོད་པའི་ཕྱིར། འདི་ལ་དཔགས་ནས་ཁ་ཅིག །གསོ་སྦྱོང་བཅུ་བཞི་པ་གསོ་སྦྱོང་བཅོ་ལྔ་པ་ཡིན་ཟེར་བ་མི་འཐད་དེ། དེ་གཉིས་འགལ་བའི་ཕྱིར་ཏེ། དེ་གཉིས་བྱ་བའི་མར་ངོའི་ཟླ་བ་ཕྱེད་ལ་ཡུན་རིང་ཐུང་ཡོད་པའི་ཕྱིར་ཏེ། ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་བར་དང་། ཧོར་ཟླ་བཅུ་གཅིག་པའི་མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལ་ཡུན་རིང་ཐུང་ཡོད་པའི་ཕྱིར། ཁོ་ན་རེ། དེ་མི་འཐད་དེ། དེ་ཚེས་ཞག་གིས་དབང་དུ་བྱས་པའི་གསོ་སྦྱོང་བཅོ་ལྔ་པ་ཡིན་པའི་ཕྱིར་ཏེ། དེ་དེའི་དབང་དུ་བྱས་པའི་གསོ་སྦྱོང་བཅུ་བཞི་པ་མ་ཡིན་པ་གང་ཞིག །དེ་དེ་མ་ཡིན་ན་དེ་གཅིག་ཤོས་ཡིན་དགོས་པའི་ཕྱིར་ཞེ་ན། ཐལ་འགྱུར་དང་པོ་ལ་མ་ཁྱབ་སྟེ། གསོ་སྦྱོང་གཉིས་ཀྱི་དུས་ཀྱི་ཁྱད་པར་ཚེས་ཞག་བཅུ་བཞི་དང་བཅོ་ལྔས་མི་འབྱེད་ཀྱི་ཉིན་ཞག་གིས་འབྱེད་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།