13618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོ་སྦྱོང་བཅུ་བཞི་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བཅུ་བཞི་པ་ལ་གསོ་སྦྱོང་ཞག་མི་ཐུབ་ཞེས་ཀྱང་བྱ། རྒྱུ་མཚན་ནི། ལོ་རེ་ལ་ཟླ་བ་བཅུ་གཉིས་ཡོད་པའི་ཟླ་བ་གཉིས་གཉིས་ནས་ཉིན་ཞག་རེ་ཆད་ཡོད་པ་རྩིས་དང་བསྟུན་པས་ཤེས་པར་བྱས་ལ་དེའི་ཚེ་གསོ་སྦྱོང་བཅུ་བཞི་པ་བྱ་སྟེ། དཔེར་བརྗོད་ན། སྨིན་དྲུག་གི་ཟླ་བའི་མར་ངོའི་མཇུག་གི་འཇིག་རྟེན་ཡོངས་གྲགས་ཀྱི་ཉི་ཤུ་དགུའི་ཉིན་སྔར་ཁྲུམས་ཟླ་བའི་གསོ་སྦྱོང་བཅུ་བཞི་པ་སོང་མཚམས་ནས་བགྲངས་བའི་ཉིན་ཞག་ང་དགུ་བའི་སྟེང་ཡིན་ཀྱང་ཚེས་ཞག་དྲུག་ཅུ་པར་སླེབ་པས་དེའི་ཚེས་ཉི་ཤུ་དགུའི་ཐ་སྙད་དོར་ནས། མར་ངོའི་ཚེས་ཞག་བཅོ་ལྔ་པར་བྱས་ཏེ་གསོ་སྦྱོང་བྱས་པ་ན། ཚེས་ཞག་གི་བཅོ་ལྔ་པ་ཡིན་ཀྱང། སྨིན་དྲུག་གི་མར་ངོའི་ཚེས་གཅིག་ནས་བགྲངས་པའི་ཉིན་ཞག་བཅུ་བཞི་པ་ལ་འབྱུང་བས་གསོ་སྦྱོང་བཅུ་བཞི་པ་བྱའོ། །དེ་བཞིན་དུ་མར་ངོ་སྔོན་འགྲོ་བྱས་ཏེ་སྨིན་དྲུག་གི་བཅུ་བཞི་པ་སོང་ནས་སྨིན་དྲུག་གི་ཡར་ངོའི་ཟླ་བ་ཕྱེད་དང། མགོ་ཟླ་བ་རིལ་པོ། རྒྱལ་ཟླ་བའི་མར་ངོའི་ཟླ་ཕྱེད་རྣམས་སྡོམ་པས་ཚེས་ཞག་གི་དབང་དུ་བྱས་པའི་ཟླ་བ་གཉིས་འབྱུང་བ་དེ་བས་ན་རྒྱལ་ཟླའི་མར་ངོའི་ཉིན་ཞག་གི་བཅུ་བཞི་པ་འཇིག་རྟེན་པའི་ཉི་ཤུ་དགུར་གྲགས་པ། ཚེས་ཞག་གི་བཅོ་ལྔ་པ་ལ་གསོ་སྦྱོང་བྱས་པ་ནས་བཟུང་ཁྲུམས་ཟླ་བའི་མར་ངོའི་ཉན་ཞག་གི་བཅུ་བཞི་པ་ལ་གསོ་སྦྱོང་བྱས་པའི་བར་དང། སྨིན་དྲུག་གི་བཅུ་བཞི་པ་བསྡོམས་པས་གསོ་སྦྱོང་བཅུ་བཞི་པ་དྲུག་ཡོད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།

{{#arraymap:གསོ་སྦྱོང་བཅུ་བཞི་པ་

|; |@@@ | | }}

གསོ་སྦྱོང་བཅུ་བཞི་པ་ (2)
Part of speech མིང་ཚིག
Definition མཐུན་པའི་གསོ་སྦྱོང་དྲུག་གི་ནང་གསེས་ཤིག རྒྱལ་དང་། དབོ་དང་། ས་ག་དང་། ཆུ་སྟོད། ཁྲུམས་སྨད། སྨིན་དྲུག་ཟླ་བ་བཅས་ཀྱི་མར་ངོ་ལ་ཉིན་ཞག་བཅུ་བཞི་པ་ལ་བྱེད་པའི་གསོ་སྦྱོང་དེ་གསོ་སྦྱོང་བཅུ་བཞི་པའམ་ཞག་མི་ཐུབ་པའི་གསོ་སྦྱོང་ཞེས་པ་ཡིན་ནོ། །དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། གསོ་སྦྱོང་བཅུ་བཞི་པ་དེ་དུས་ཚོད་གང་ལ་བྱ་བ་ཡིན་ཞེ་ན། དེ་ལ་སྤྱིར་འདུལ་མངོན་སྐོར་ནས་དུས་ཚིགས་ཀྱི་རྣམ་གཞག་མང་དུ་གསུངས་ཏེ། དུས་གོའི་སྐབས་སུ་དགུན། དཔྱིད། དབྱར། དབྱར་ཐུང་ངུ་། དབྱར་རིང་པོ་སྟེ་ལྔ་གསུངས། དེ་ལྟར་གསུངས་པའི་དགོས་པ་ཡོད་དེ། དབྱར་ཐུང་ངུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེ་རྟོགས་པ་ལ་ཡང་དགོས་པ་ཡོད་དེ། ཁ་ཅིག །དབྱར་ཐུང་ངུ་ལ་འགྱུར་ཁ་ཅིག་ཏུ་འཆི་བའི་དུས་ཞེས་དང་། ཊཱིཀྐར་ཡང་དེ་ལྟར་འབྱུང་བས་འཆི་བ་མི་རྟག་པ་ཤེས་པའི་ཆེད་དུ་ཡིན་ཞེས་པ་དང་། གཞན་དག་དབྱར་སྔ་མ་ཁས་ལེན་མ་གྲུབ་ན་དབྱར་ཕྱི་མའི་ཁས་ལེན་དབྱར་ཐུང་ངུ་ལ་ངེས་པར་བྱ་དགོས་ཤིང་། དེ་ཕན་ཆད་དུ་མི་ཆགས་པར་ཤེས་པའི་ཆེད་དུ་ཡིན་ཞེས་འདོད་པ་ལས། ཕྱི་མ་ལེགས་པར་སྨྲ་བའི་ཕྱིར། ཡང་ཟླ་འཇོག་གི་སྤང་བའི་སྐབས་སུ། དགུན་དཔྱིད་དབྱར་ཏེ་གསུམ་གསུངས་ལ། དགོས་པ་ནི། ཕྱག་དར་ཁྲོད་ཀྱི་གོས་ངོས་ཟིན་པའི་ཆེད་དུ་ཡིན་པའི་ཕྱིར། ཡང་གསོ་སྦྱོང་གི་གཞིའི་སྐབས་སུ། དགུན། དགུན་སྨད། དཔྱིད་སོས་ཀ །དབྱར་སྟོན་ཏེ་དུས་ཚིགས་དྲུག་གསུངས་ལ། དགོས་པ་ནི་གསོ་སྦྱོང་བཅུ་བཞི་པ་ངོས་འཛིན་པའི་ཆེད་དུ་ཡིན་ནོ། །ཁ་ཅིག །དགུན་སྟོད་དགུན་སྨད་ཅེས་འདྲེན་པ་མི་འཐད་དེ། དེ་འདྲའི་ཐ་སྙད་ནི་འདུལ་བའི་ལུང་དགོངས་འགྲེལ་དང་བཅས་པ་གང་ནས་ཀྱང་མ་བཤད་པའི་ཕྱིར། ཞེས་འདུལ་འཛིན་རིན་པོ་ཆེའི་གཞི་གསུམ་ཆོ་གར་བཤད། འོན་ཀྱང་སྒྲོན་གསལ་གྱི་མཆན་བུར་དེའི་ཐ་སྙད་གཅིག་གསུངས་པ་ནི་ཡི་གེ་མ་དག་པ་ཡིན་ནམ་བརྟག་གོ །ཡང་དབྱར་གཞི་ལ་སོགས་པའི་སྐབས་སུ། འཇིག་རྟེན་པ་དང་མཐུན་པར་དགུན་དཔྱིད་དབྱར་སྟོན་ཏེ་དུས་ཚིགས་བཞིར་གསུངས་ལ། དགོས་པ་ནི་གསུང་རབ་ལས་ར་བ་འབྲིང་པོ་ཐ་ཆུང་གི་རྣམ་གཞག་གསུངས་པ་དེ་རྟོགས་པའི་ཆེད་དུ་ཡིན་ནོ། །མཛོད་ལས། དགུན་རྣམས་ཀྱི་ནི་བཞི་པ་ལ། ཞེས་གསུངས་པ་ཡང་། དུས་ཚིགས་ལ་དགུན་དཔྱིད་དབྱར་གསུམ་དུ་ཕྱེ་བའི་ལུགས་སུ་སྣང་ངོ་། །དེ་ལྟར་བྱས་ན་དགུན་དང་དཔྱིད་མི་འགལ། དཔྱིད་དང་སོས་ཀ་མི་འགལ། སོས་ཀ་དང་དབྱར་མི་འགལ། དབྱར་དང་སྟོན་མི་འགལ་བ་སོགས་ཡིན་པར་གྲུབ་སྟེ། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་ཟླ་བཞི་པ་ཡིན་ན། དགུན་དུས་ཡིན་དགོས། བཞིར་ཕྱེ་བའི་དཔྱིད་ཟླ་ར་བ་ཡིན་ན། དཔྱིད་དུས་ཡིན་དགོས། དྲུག་ཏུ་ཕྱེ་བའི་སོས་ཀ་ཡིན་ན། སོས་ཀ་ཡིན་དགོས། གསུམ་དང་བཞིར་ཕྱེ་བའི་དབྱར་ཡིན་ན། དབྱར་ཡིན་དགོས། བཞིར་ཕྱེ་བའི་སྟོན་ཡིན་ན། སྟོན་དུས་ཡིན་དགོས་པའི་ཕྱིར། ཞེས་གསུངས།

{{#arraymap:གསོ་སྦྱོང་བཅུ་བཞི་པ་

|; |@@@ | | }}