13652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོག་འཇོག་གི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་སྨན་གང་དག་བྱིན་ལེན་བྱས་པ་རུལ་ཞིང་མྱགས་པར་གྱུར་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་བརྟེན་པའི་འདོད་པ་ཆེ་བ་དང་། ཟས་ལ་སྲེད་པ་ཆེ་བར་མངོན་པའི་སྒོ་ནས་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་པོ་གང་ཡང་རུང་བ་བཟའ་བའི་ཆེད་ཀྱི་བྱིན་ལེན་ཡོད་བཞིན་དུ་སྤྱི་དུས་སམ་རང་དུས་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། །གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང་། །གང་གིས་འཆང་བའི་རྟེན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བྱིན་ལེན་མ་ཞིག་པར་རང་དོན་དུ་བཟའ་བའི་ཆེད་དུ་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བྱིན་ལེན་མ་བཤིག་པར་འཇོག་པའོ། །མཐར་ཐུག་ནི་སྨན་དེ་ལ་བྱིན་རླབས་མེད་ན་སྤྱི་དུས་ལས་འདས་པར་བྱེད་པ་དང་། བྱིན་རླབས་ཡོད་ན་རང་དུས་ལས་འདས་པར་བྱེད་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གིས་མར་དང་བུ་རམ་དང་སྦྲང་རྩི་ལ་སོགས་པ་ཞག་བདུན་བར་བྱིན་གྱིས་བརླབས་པའི་སྨན་ཞག་བདུན་འདས་ནས་ཟ་བའི་ཕྱིར་བརྒྱད་པའི་སྐྱ་རེངས་ཤར་བ་ན་ཡང་བཅངས་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ཞག་བདུན་བར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ། །ཟ་བའི་ཕྱིར་འཆང་ནའོ། །དེའོ། །སྐྱ་རེངས་བརྒྱད་པ་ཤར་ནའོ། །ཞེས་དང། འདི་ནི་དགེ་སློང་རབ་ཏུ་མང་པོས་སྨན་བྱིན་གྱིས་བརླབས་ནས་ཡུན་རིང་དུ་བཞག་པ་རུལ་བ་དང་མྱགས་པ་ལ་བརྟེན་ནས་བཅས་སོ། །ཞེས་གསུངས།
Domain ཆོས་ལུགས།