13766

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསོལ་སྡེར་དགོན་ (1)
Part of speech མིང་ཚིག
Definition ཁམས་སྤྲུལ་དྲུག་པའི་དངོས་སློབ་གྲུབ་དབང་ཤཱཀྱ་ཤྲཱིས་ཕྱག་བཏབ། ཁོང་ནི་ཁམས་ཆབ་མདོའི་ཡུལ་ཐོ་པའི་འབྲོག་སྡེ་བེ་རུ་ནང་ཆུ་གླང་ ༡༨༥༣ ལོར་སྐུ་འཁྲུངས། ཐོ་གྲུ་གུ་དགོན་དུ་ཆོས་ཞུགས་གནང་། ཁམས་སྒར་རྟོགས་ལྡན་ཆོས་སྐྱོང་དར་རྒྱས་དང་ཁམས་སྤྲུལ་དྲུག་པ་སོགས་བླ་མར་བསྟེན་ནས་གྲུབ་ཐོབ་ཀྱི་སྙན་པས་ཕྱོགས་ཀུན་ཁྱབ། ཐོ་ཚ་བ་ཆོས་བཟང་སྒྲོལ་མ་གསང་ཡུམ་དུ་བཞེས་ཏེ། གྲུ་གུ་གསོལ་སྡེར་ཁར། མེ་ཕག་ ༡༨༧༢ ལོར་གཟིམ་ཆུང་འོད་གསལ་རྫོང་ཞེས་པའི་སྒྲུབ་ཁང་ཞིག་དང་པོ་ཕྱག་བཏབ། ཆུ་དཀོན་པས་ཀླུ་ལ་བཀའ་བསྒོས་པས་གཟིམ་ཆུང་གི་འགག་མཚམས་དེར་སྔར་མེད་པའི་གསོལ་ཆུའི་ཆུ་མིག་རྡོལ། སློབ་ཚོགས་ཀྱང་། རྒྱ། བལ། འབྲུག དབུས་གཙང་ཁམས་གསུམ་སོགས་ནས་ས་དགེ་དཀར་སྙིང་གི་བླ་མ་དང་། བལ་འབྲུག་སོགས་ཆོས་སྐྱོང་གི་རྒྱལ་པོ། བོད་ཀྱི་མི་ཆེན། དེ་བཞིན་ཁྱིམ་བདག་ཕོ་མོ་སོགས་ཞལ་སློབ་གྲངས་ལས་འདས་པ་དབྱར་མཚོ་རྒྱས་པ་ལྟ་བུར་གྱུར་པ་ལ་སྙན་བརྒྱུད་ཀྱི་ཆོས་སྐོར་སོགས་གསུངས་པ་དང་། སྒྲུབ་མཆོད་འཛུགས་པ་སོགས་ཕྲིན་ལས་གདུལ་བྱ་ཤིན་ཏུ་རྒྱས། དེ་ནས་བཟུང་གསོལ་སྡེར་དགོན་འདི་ཉིད་ཕྱག་རྫོགས་དང་། སྙན་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་དུ་གྱུར། ས་རྟ ༡༩༡༨ ལོར་གོང་ས་བཅུ་གསུམ་པ་ཆེན་པོས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ཉམས་གསོ་གྲུབ་ན་བསྟན་འགྲོར་ཕན་བདེ་འབྱུང་བའི་ལུང་བསྟན་བྱུང་ཞེས་ཞུས་པ་ཞལ་བཞེས་གནང་བ་ལྟར་བལ་ཡུལ་དུ་ཕེབས། སངས་རྒྱས་རབས་བདུན་རིང་བསྲེལ་གྱིས་གཏམས་པའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཉམས་གསོ་ཁྱད་དུ་འཕགས་པ་གནང་། གདན་ས་གདུང་སྲས་འཕགས་མཆོག་རྡོ་རྗེ་ལ་གཏད། ཐུགས་བཞེད་ཀྱི་ལྷག་མ་མཆོད་རྟེན་བྱ་རུང་ཁ་ཤོར་དང་། སྟག་མོ་ལུས་སྦྱིན་གཉིས་ཉམས་གསོ་དགོས་པའི་ཞལ་ཏ་མཛད། དགུང་ལོ་དྲུག་ཅུ་རེ་བདུན། སྣོན་ཟླའི་ཚེས་བཅུ་དགུ་ཉིན། དབུས་རྩ་རི་ཅི་ཕུར་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པདྨ་འོད་དུ་གཤེགས། ཡབ་དམ་པའི་དགོངས་བཞེད་བཞིན། སྲས་འཕགས་མཆོག་རྡོ་རྗེས་བལ་ཡུལ་བྷོ་དྷ་དང་སྟག་མོ་ལུས་སྦྱིན་གཉིས་ཆར་ཞིག་གསོ་མཛད་དེ་རླབས་ཆེན་གྱི་མཛད་རྗེས་བཞག གཙུག་ལག་ཁང་གསར་བཞེངས་སོགས་གདན་ས་རྒྱ་ཆེར་བསྐྱངས། ཞལ་སློབ་ཀྱང་དབུས་གཙང་མདོ་ཁམས་རྒྱ་བལ་འབྲས་འབྲུག་སོགས་ལ་མ་ཁྱབ་པ་མེད་པ་ལྟ་བུ་མཆིས། དེ་རྗེས་འཇམ་མགོན་པདྨ་བདེ་ཆེན་ནས་གདན་ས་བསྐྱངས། དེ་རྗེས་འཕགས་སྤྲུལ་ཡང་སྲིད་རིན་པོ་ཆེ་ངེས་དོན་བཤད་སྒྲུབ་བསྟན་འཛིན་མཆོག་གདན་སར་བཞུགས་ནས་རིང་པོར་མ་ལོན་པར་རྒྱ་དམར་གྱི་དུས་འགྱུར་དྲག་པོས་དགོན་པ་སྤྱི་མཚུངས་བཞིན་རྩ་འཐོར་དུ་བཏང་། དད་ལྡན་རེ་འགས་སྲོག་ལ་ཐུག་ཀྱང་ཉར་ཚགས་བྱས་པའི་ནང་རྟེན་ད་ལྟ་ཡང་ཡོད། སླར་ཡང་ ༡༩༨༧ ལོར་འཕགས་སྤྲུལ་གཉིས་པ་བཤད་སྒྲུབ་བསྟན་འཛིན་མཆོག་དང་། རིགས་སྲས་ཨ་བོ་ཡེ་ཤེས་ཉི་མ་ཟུང་ནས། དགོན་པ་གསར་བཞེངས་དང། བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་གནང་ནས་དེང་གི་ཆར་གྲྭ་བཙུན་བཞི་བཅུ་ཙམ་རྙིང་འབྲུག་ཟུང་འབྲེལ་དུ་བཞུགས།

{{#arraymap:གསོལ་སྡེར་དགོན་

|; |@@@ | | }}