13860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གི་གོང་རྣམ་བཞི་ (1)
Part of speech མིང་ཚིག
Definition མཐུན་སྦྱོར་བག་མའི་རྩིས་ཀྱི་སྐབས་སུ་བརྩི་བྱ་མག་བག་གཉིས་ཀྱི་སྲོག་ལུས་དབང་ཀླུང་གི་སྨེ་བ་དག་སྤར་ཁ་དང་ལྟག་སྤྲོད་བྱས་ཏེ། ལྟག་སྤྲད་པའི་སྤར་ཁ་གཉིས་གཉིས་ཕན་ཚུན་སྲོག་འཚོ་སོགས་གོང་དུ་འགྲོ་མིན་ལ་བརྟེན་ནས་གཉེན་སྡེབ་ཀྱི་བཟང་ངན་བརྟག་ཐབས་ལ་ཟེར་ཞིང་། དེ་བཞི་ནི་སྲོག་ཕྱིའི་གི་གོང་དང་། ལུས་ནང་གི་གི་གོང་། དབང་ཐང་གསང་བའི་གི་གོང་། ཀླུང་རྟ་ཡང་གསང་གི་གི་གོང་བཅས་ཡིན། ལྟག་སྤྲོད་ཅེས་པ་ནི་སྨེ་བ་གང་གི་ཚབ་ཏུ་རང་ཉིད་དང་གནས་ཕྱོགས་གཅིག་པའི་སྤར་ཁ་དེ་ལེན་པ་ལ་ཟེར་ཞིང་། སྨེ་བའི་གནས་ཕྱོགས་ནི་ལྔ་སེར་དབུས་བཞག་གིས་གླིང་དགུར་བཀོད་ན་ཕྱོགས་སུ་འབབ་ཚུལ་ལྟར་ཡིན། སྤར་ཁ་ནི་ཕྱོགས་དང་མཚམས་ལས་ལྔ་སེར་དང་གནས་ཕྱོགས་མཐུན་པར་དབུས་སུ་བཞུགས་པ་མེད་པས། མག་པའི་སྨེ་བ་བཞི་ལས་གང་ཞིག་ལྔ་སེར་ཡིན་ཚེ་གཉིས་ནག་དང་། བག་མའི་སྨེ་བ་བཞི་ལས་གང་ཞིག་ལྔ་སེར་ཡིན་ཚེ་བདུན་དམར་ལ་བརྩི་བ་ཡིན། དེ་ལྟར་ལགས་པས་གཅིག་དཀར་ལྟག་སྤྲོད་བྱ་སའི་སྤར་ཁ་ཁམ་དང་། གཉིས་ནག་ལྟག་སྤྲོད་བྱ་སའི་སྤར་ཁ་ཁོན། གསུམ་མཐིང་ལྟག་སྤྲོད་བྱ་སའི་སྤར་ཁ་ཟིན། བཞི་ལྗང་ལྟག་སྤྲོད་བྱ་སའི་སྤར་ཁ་ཟོན། དྲུག་དཀར་ལྟག་སྤྲོད་བྱ་སའི་སྤར་ཁ་ཁེན། བདུན་དམར་ལྟག་སྤྲོད་བྱ་སའི་སྤར་ཁ་དྭ། བརྒྱད་དཀར་ལྟག་སྤྲོད་བྱ་སའི་སྤར་གིན། དགུ་དམར་ལྟག་སྤྲོད་བྱ་སའི་སྤར་ཁ་ལི། ལྔ་སེར་ལྟག་སྤྲོད་བྱ་སའི་སྤར་ཁ་མག་པ་ཡིན་ན་ཁོན་དང་བག་མ་ཡིན་ན་དྭ་བཅས་ཡིན། མག་བག་སུ་རུང་གཉིས་ཀྱི་གི་གོང་གང་ཞིག་གནམ་སྨན་ཡིན་ན་སེམས་བདེ་ཞིང་ཕུགས་བཟང་། འགྲོགས་ཡུན་རིང་། གདོན་གྱིས་མི་ཚུགས། བུ་ཚ་མང་བས་བཟང་། སྲོག་འཚོ་ཡིན་ན་ནད་དཀོན་ཞིང་ཚེ་རིང་། གདོན་དང་བྲལ། མི་གྲངས་དར་རྒྱས་ཆེ་བས་བཟང་། དཔལ་བསྐྱེད་ཡིན་ན་བུ་ཚ་བྱམས་ཞིང་བཙན་ཕྱུགས་ལྡན། རྐང་འགྲོས་ནོར་འཕེལ། ན་ཚ་དཀོན་པས་བཟང་། ཕྱྭ་ལོན་ཡིན་ན་ལྷ་མི་བྱམས་ཤིང་བསམ་པ་འགྲུབ། བུ་ཚ་འབྲིང་། ཚེ་ཚད་རིང་། ཟས་ནོར་འཕེལ་བས་བཟང་། ཕྱྭ་མཉམ་ཡིན་ན་ནོར་རྙེད་ཅིང་ཡུལ་ལྷ་བཟང་པོ་གསོལ་ན་དགེ། གནོད་པ་ཡིན་ན་ནོར་གོད་ཆེ་ཞིང་མཐའ་མར་སྤྲང་། བཟའ་མི་སྙིང་རིང་། བུ་དཀོན། གྲོགས་དང་འབྲལ། མི་ཐེག་ཁུར་བོ་འོང་བས། བཅོས་སུ་གཡང་འགུགས་དང་དགྲ་བཟློག་བྱ་དགོས། འདྲེ་ལྔ་ཡིན་ན་མི་ཁ་སྡང་ཞིང་ཤིང་གོད་འབྱུང་བས། བཅོས་སུ་འབུམ་ཆུང་དང་ལྕགས་མཆུ། མར་མེ་ལོ་གྲངས། བསོད་ནམས་བསྐྱེད་པའི་གཏོ་ཆོག་བཅས་བྱ་དགོས། བདུད་གཅོད་ཡིན་ན་ཁྱོ་ཤུག་ལ་ནད་མོད་ཅིང་རྫས་མི་ཆགས། བུད་མེད་ལ་མྱ་ངན་རྟག་ཏུ་འོང་། སྟོང་འབབ། ཕ་ཞིང་མི་ལ་འཆོར་བས། བཅོས་སུ་རྒྱ་ཆེར་རོལ་བ་དང་། དགྲ་མདོས། དགྲ་གནོན། སཱཙྪ་སྟོང་ཚར། དགྲ་བཟློག་བཅས་བྱ་དགོས། ལུས་ཆད་ཡིན་ན་དབང་ཐང་རལ་ཞིང་གྱོད་ནད་མོད། དོན་མི་འགྲུབ་པས། བཅོས་སུ་མདོ་མང་གསུང་སྒྲོག་དང་། སྲི་གནོན། སྲིད་བཅོས། བསོད་ནམས་དཔལ་བསྐྱེད་བཅས་བྱ་དགོས། གཞན་ཡང་སྡེབ་འབྲས་དེ་རབ་འབྲིང་ཐ་གསུམ་དུ་དྲིལ་ན། གནམ་སྨན་དང་། སྲོག་འཚོ། དཔལ་བསྐྱེད་བཅས་རབ་གསུམ་ལ་བབས་ན་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་དང་འདྲ་བར་སྐྱིད་ལ་བར་ཆད་མེད་པས་བཟང་བ་ཡིན། ཕྱྭ་ལོན་དང་། ཕྱྭ་མཉམ། གནོད་པ་བཅས་འབྲིང་གསུམ་ལ་བབས་ན་སྤྲིན་གསེབ་ནས་ཉི་མ་ཤར་བ་དང་འདྲ་བར་རེས་སྐྱིད་རེས་སྡུག་འོང་བས་འབྲིང་ཙམ་ཡིན། འདྲེ་ལྔ་དང་། བདུད་གཅོད། ལུས་ཆད་བཅས་ཐ་མ་གསུམ་ལ་བབས་ན་ས་གཞི་ལ་ཞག་ཆགས་པ་བཞིན་སྐྱིད་ཀྱི་ཉི་མའི་ངོ་མི་མཐོང་བས་ངན་པ་ཡིན།
Domain རྩིས་རིག

{{#arraymap:གི་གོང་རྣམ་བཞི་

|; |@@@ | | }}