13922

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་དགོན་ཐེག་མཆོག་བྱམས་པ་གླིང་ (1)
Part of speech མིང་ཚིག
Definition དགོན་འདི་བོད་མདོ་ཁམས་སྡེ་དགེ་འཇོ་མདའ། ཀེ་རེ་གོང་པ་འཛི་གུར་གཞུང་ལུང་པའི་ཕུར་ཆགས་པས་གུ་ཕུ་དགོན་ཞེས་ཐོགས། ཁམས་སྤྲུལ་སྐུ་ཐོག་དང་པོ་ཀརྨ་བསྟན་འཕེལ་གྱི་སློབ་ཆེན། མ་ཎི་གྲགས་པ་བསྟན་འཛིན་གྱིས་ལྕགས་སྤྲེལ་ ༡༦༢༠ ཡས་མན་ཙམ་ན། བླ་མ་གུར་གཞུང་རྫ་མོ་ཁར་སླེབས་དུས། ཆིབས་དྲེལ་གློ་བུར་དུ་ཉལ་བས། བླ་མས་ལུང་བསྟན་པའི་ས་ཆ་འདི་ཉིད་ཡིན་པར་གཟིགས་ནས། དེར་སྒྲུབ་པ་བྱས་ཏེ་མཆོག་ལྡན་རྒྱ་མཚོ་དང་ལྷན་དུ་བཞུགས་པས། རིམ་གྱིས་དགོན་པའི་ངོ་བོར་ཆགས། གྲགས་པ་བསྟན་འཛིན་སྐུ་གཤེགས་རྗེས། མཆོག་ལྡན་རྒྱ་མཚོས་གདན་ས་སྐྱོང་བ་དང་། གྲགས་པ་བསྟན་འཛིན་གྱི་ཡང་སྲིད་བཙལ་བས། ཀེ་དཔོན་བྱམས་པའི་ནང་དུ་སྐུ་འཁྲུངས་པ་དེ་ལ་གུ་མ་ཎི་བྱམས་པ་རྒྱ་མཚོ་ཞེས་གྲགས་ད་ལྟའི་བར་སྐུ་ཕྲེང་དགུ་བྱོན། མཆོག་ལྡན་རྒྱ་མཚོ་དགུང་ལོ་བརྒྱ་དང་གསུམ་བཞུགས་པས་མཚན་ལ་ཚེ་ཆོག་བླ་མར་གྲགས། ད་ལྟའི་བར་སྐུ་ཕྲེང་བརྒྱད་བྱོན། འདི་གཉིས་པོས་གདན་ས་སྐྱོང་བའི་རིང་འདུལ་ཁྲིམས་གཙང་བའི་དགེ་འདུན་ཤ་སྟག་ཡིན་འདུག བསགས་སྤྲུལ་ད་ལྟའི་བར་སྐུ་ཕྲེང་བདུན། གུ་ཕུ་བླ་མ་ཆོས་དཔལ་རྒྱ་མཚོ་དང། ཤེས་སྤྲུལ་སྐུ་ཕྲེང་གསུམ་དང་། མཁྱེན་སྤྲུལ་སྐུ་ཕྲེང་གསུམ་བཅས་དགོན་འདི་པའི་ནང་དུ་ཕེབས་འདུག སྒྲུབ་མཆོད་ཀྱི་སྐོར་ནི། མ་དགོན་ཁམས་སྒར་བཞིན། གཙོ་བོར་རས་ཆུང་སྙན་རྒྱུད་ཀྱི་གདམས་ངག་ཚེ་ཆོག་ཁྲོ་བོ་ལྷ་མང་གི་སྒྲུབ་མཆོད་དང་། གྲུབ་ཆེན་གླིང་རས་ཀྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་། བཅོམ་ལྡན་མི་འཁྲུགས་པའི་ཆོ་ག་སྟེ་དཀྱིལ་འཁོར་གསུམ་དང་། ཕག་མོ་ཞལ་གཉིས་མའི་སྒྲུབ་པ། ཐུགས་རྗེ་ཆེན་པོའི་ཐུགས་སྒྲུབ་འཁོར་བ་དོང་སྤྲུགས། འཇའ་ཚོན་ཞི་ཁྲོ་ངེས་དོན་སྙིང་པོ། ཡོན་གེའི་ཚེ་སྒྲུབ། བླ་མ་བསྟན་གཉིས། ས་ག་ཟླ་བར་སྨྱུང་གནས། དགུ་ཆུང་ལ་འཇམ་དཔལ་ཚེ་བདག་གི་སྒྲུབ་པ། དགུ་ཆེན་ལ་མགོན་པོ་ཕྱག་བཞི་པའི་སྒྲུབ་པ། མགོན་ཁང་དང་ཚེས་བཅུ་ཉེར་ལྔ་ཆགས་མེད་ཡོད་པ་དང་། རྒྱ་དམར་གྱི་དུས་འགྱུར་སྐབས་དགོན་པར་གཏོར་བཤིགས་ཚབས་ཆེན་ཐེབས། སྐུ་གསུང་ཐུགས་རྟེན་ཕལ་ཆེ་བ་ནི་ལ་འཐོར་ལུང་འཐོར་དུ་གྱུར། བསགས་སྤྲུལ་དྲུག་པ་དམག་འཁྲུགས་འོག་སྐུ་བཀྲོངས། ཤེས་སྤྲུལ་གཉིས་པ་དང་། མཁྱེན་སྤྲུལ་གཉིས་པ་གཉིས་སྔ་ཕྱིར་བཙོན་འོག་ཏུ་སྐུ་གཤེགས། ཤིང་གླང་ ༡༩༨༥ ལོར་ཆོས་དད་གུ་ཡངས་ཀྱི་རྣམ་པའི་སྐབས་ནས་བཟུང་འཕྲོས་ལུས་ཀྱི་བླ་རྒན་རྣམས་དང་། ཡུལ་མི་རྣམས་ཀྱིས་དགོན་པ་སྐྱར་བཞེངས་ཚུགས། ཚེ་སྤྲུལ་དགུ་པ་དང་། མཁྱེན་སྤྲུལ་གསུམ་པ་གཉིས་ཁྲིར་འཁོད་ནས་ལྕགས་རྟ་ ༡༩༩༠ ལོར། སྒྲུབ་སྡེ་མཁའ་སྤྱོད་འོད་གསལ་གླིང་བཏབ། ལྕགས་འབྲུག་ ༢༠༠༠ ལོར། མགོན་སྒྲུབ་ལྷ་མང་གི་གར་འཆམ་སླར་གསོ་ཚུགས། ཆུ་ལུག་ ༢༠༠༣ ལོར། བཤད་གྲྭ་པད་དཀར་ལེགས་བཤད་ལྔ་རིག་སློབ་གླིང་ཚུགས། གླང་ ༢༠༠༩ ལོར། གུ་ཁྲ་སིལ་མ་ཎིའི་གཡས་ཟུར། ཁྲ་སིལ་སྣ་མདོ་ཞེས་པའི་ས་ཆར་གནས་སྤོས། ད་ལྟའི་ཆར་འདུ་ཁང་ཀ་བརྒྱ་མ་དང་། སྒྲུབ་ཁང་དང་། གཟིམ་ཁང་། གཉེར་ཁང་། གྲྭ་ཤག་བཅས་ཆ་ཚང་ལེགས་འགྲུབ་བྱུང་ཡོད་འདུག