13940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་མཁྱེན་བརྩེ་སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ (1)
Part of speech མིང་ཚིག
Definition གུ་ཕུ་མཁྱེན་བརྩེ་སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། ཡབ་གཉོས་རིགས་དྲུང་རིན་ཆེན་དབང་རྒྱལ་དང་། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ། ལྕགས་འབྲུག་ ༡༨༢༠ ལ་སྐུ་བལྟམས། དགུང་ལོ་བཞི་ལྔ་ནས་ཡི་གེ་འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་དགུ་ནས་རྫོང་སར་དགོན་དུ་ཚོགས་སྒྲིགས་ལ་ཞུགས། དགུང་ལོ་བཅུ་གཉིས་ཐོག་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ས་སྐྱ་པ་རྡོ་རྗེ་རིན་ཆེན། ཐར་རྩེ་མཁན་ཆེན་སོགས་དབུས་གཙང་ཁམས་གསུམ་དུ་བཞུགས་པའི་རིས་མེད་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ལྷག་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་མཛད། མདོར་ན་སྒྲུབ་བརྒྱུད་རིན་པོ་ཆེ་ཤིང་རྟ་བརྒྱད་དུ་གྲགས་པའི་བརྒྱུད་སྲོལ་མན་ངག་དང་བཅས་པ་སོ་སོའི་ལུགས་དང་མཐུན་པས་གསན་བསམ་རྒྱ་ཆེར་མཛད་པས་མཁས་པའི་གྲགས་པ་གངས་རིའི་ལྗོངས་འདིར་ཡོངས་སུ་ཁྱབ་པར་གྱུར། དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་མ་ཟད་སྒོམ་སྒྲུབ་ཚད་དུ་འཁྱོལ་བས་ཉམས་རྟོགས་ཀྱི་ཡོན་ཏན་བླ་ན་མེད་པར་འཕེལ་ཏེ། མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བཀའ་བབ་དང་། གཞན་ཡང་ས་གཏེར་གྱི་བཀབ་བབ། ཡང་གཏེར་ཉེ་རྒྱུད་ཀྱི་བཀའ་བབ། ཟབ་མོ་དགོངས་གཏེར་གྱི་བཀའ་བབ། སྔོན་གྱི་གནས་རྗེས་སུ་དྲན་པས་རྗེས་དྲན་ཆོས་བཀའི་བཀའ་བབ། དག་སྣང་གི་བཀའ་བབ། སྙན་བརྒྱུད་ཀྱི་བཀའ་བབ་བཅས་ཁྱད་པར་གྱི་བཀའ་བབ་ཆེན་པོ་དེ་དག་དང་ལྡན་པས། བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་སྙན་དབྱར་གྱི་རྔ་གསང་བསིལ་ལྡན་སཱ་ལའི་ལྗོངས་སུ་ཁྱབ་པར་གྱུར། རྗེ་ཡི་ཞལ་སློབ་གཙོ་བོར་གྱུར་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ། གཏེར་ཆེན་མཆོག་གླིང་། ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན། ངོར་བའི་མཁན་ཆེན། ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། སི་ཏུ་བཅུ་པ་དང་བཅུ་གཅིག་པ། བྲག་གཡབ་ནོ་མི་ཧན་ཆེན་པོ། ལི་ཐང་མཁན་ཆེན་བྱམས་པ་ཕུན་ཚོགས་སོགས་ས་དགེ་བཀའ་རྙིང་གི་བསྟན་འཛིན་གྱི་སྐྱེས་བུ་བགྲངས་ལས་འདས་པ་བྱོན། ལྗགས་རྩོམ་གྱི་སྐོར་ལ། བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ། གཏམ་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་། ནང་དོན་རིག་པ་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། གཞན་ཡང་སྒྲུབ་ཐབས་དང་། ལོ་རྒྱུས་རྣམ་ཐར། རིག་གནས་ཆེ་ཆུང་སོགས་གླེགས་བམ་བཅུ་གསུམ་ཙམ་བཞུགས། དེ་ལྟར་འགྲོ་དོན་རེ་ཞིག་མཐར་ཕྱིན་ཏེ་ཆུ་འབྲུག་ ༡༨༩༢ ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །