13979
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་བརྒྱད་པའི་ལྕགས་ཕག་ལོར་དགོན་རྙིང་གསར་དུ་བཏབ་སྟེ་མཚན་ཨོ་རྒྱན་གླིང་ཞེས་གསོལ། དགེ་ཚུལ་སློང་གི་སྡོམ་རྒྱུན་མང་དུ་སྤེལ་བས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གནང་། རབ་བྱུང་རྣམས་ལ་བྱ་རྒྱུད་ཆོ་ག་དང་འབྲེལ་བའི་སྨྱུང་གནས་ཆ་བརྒྱད་དང་། ཁྱིམ་པ་རྣམས་ལ་ཉ་སྟོང་ཚེས་བརྒྱད་དང་དུས་ཆེན་གྱི་ཟླ་བ་ཡོད་རིགས་ལ་བསྙེན་གནས་ཆ་བརྒྱད་ཀྱི་སྲོལ་བཏོད། མདོ་སྔགས་སྤྱི་དང་ཁྱད་པར་བཀའ་གཏེར་སྨིན་གྲོལ་རྒྱ་ཆེར་སྤེལ། སྒྲུབ་པ་ཉམས་བཞེས་མཛད་པའི་སློབ་མ་ར་ལང་ཐར་པ་རྒྱལ་མཚན་སོགས་མང་དུ་བྱོན་པར་གྲགས། དེ་ནས་རབ་བྱུང་བཅུ་པར་རིག་འཛིན་ཀློང་གསལ་སྙིང་པོ་ཉག་སྟོད་སྨད་བར་གསུམ་དུ་བྱོན་ཏེ་གུ་རུའི་སྐུ་ཚབ་ལྔ་བཞེངས་པ་ལས། འདིར་ཉག་བླ་པདྨ་མཁའ་སྤྱོད་དབང་པོས་སྦྱིན་བདག་མཛད་དེ། རིག་འཛིན་ཀློང་གསལ་གྱིས་བཟོ་བའི་གུ་རུའི་སྐུ་ཕྱག་གཡས་ཐུགས་ཀར་རྡོ་རྗེ། གཡོན་མཉམ་བཞག་ཀ་པ་ལ་ཚེ་བུམ་གྱིས་མཛེས་པ་ཞིག་བཞེངས་ཏེ་གུ་རུ་དངོས་སུ་བྱིན་གྱིས་བརླབས། མཐོང་ཐོས་དྲན་རེག་གི་སྐུ་དེས་སྐབས་སྐབས་སུ་སིདྡྷིའི་རང་སྒྲ་སྒྲོག་པ། རིག་འཛིན་ཀློང་གསལ་སྙིང་པོས་རང་གཏེར་རྣམས་སྩལ་བས་ད་ལྟའི་བར་དུ་བདུད་ཀློང་རྣམ་གཉིས་ཀྱི་ཟབ་གཏེར་དར། ཡེ་ལེ་བླ་མ་ཚུལ་ཁྲིམས་ཀྱིས་རབ་བྱུང་བཅུ་བཞི་པའི་འགོ་ལ་ད་ལྟའི་དགོན་བཏབ། དཔལ་ལྡན་གུ་རུ་དགོན་ཞེས་གསོལ། ཡེ་ལེ་ཚུལ་ཁྲིམས་ནི་རྡོ་གྲུབ་འཇིགས་མེད་འོད་ཟེར་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ཀྱི་སློབ་མ་སྟེ། བླ་མ་རིག་འཛིན་འདུས་པ། ཡི་དམ་དྲག་པོ་དཔལ་ཆེན་འདུས་པ། མཁའ་འགྲོ་ཡུམ་ཀ་སོགས་ཀྱི་སྒྲུབ་པ་གསར་དུ་བཙུགས། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གཞུང་བཤད་ཅི་རིགས་མཛད། དགོན་རྙིང་ན་རིག་འཛིན་ཀློང་གསལ་གྱི་ཕྱག་བཟོ་གུ་རུ། གནས་བརྟན་བཅུ་དྲུག ཕུར་བ། ཕྱག་རྡོར། སྒྲོལ་མ། རྒྱན་དྲུག་མཆོག་གཉིས། སློབ་དཔོན་ཤྲཱི་སིངྷ། ཀློང་ཆེན་དང་འཇིགས་གླིང་སོགས་ཀྱི་སྐུ་འདྲ་བཞུགས། བཀའ་འགྱུར། མཛོད་བདུན། ཡུམ་རྒྱས་པ་བཅས་ཡོད། ཡེ་ལེ་ཚུལ་ཁྲིམས་སྐུ་རིང་ལ། བོད་ཟླ་དང་པོའི་ཚེས་གཅིག་ནས་རབ་གནས་ཉིན་གསུམ་དང་ཚེས་ཉེར་གཉིས་ནས་སྐྱ་སེར་རྣམས་ལ་བདེ་ཆེན་ཞིང་སྒྲུབ་འབྲེལ། སྨྱུང་གནས་ཆ་བརྒྱད་སོགས་ཀྱི་སྲོལ་བཙུགས། |