14043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition བོད་རབ་བྱུང་བཅུ་པའི་ཆུ་རྟ་ཕྱི་ལོ་ ༡༥༨༢ ལོར་འཁྲུངས། ཆུང་དུས་ཀྱི་མཚན་ལ་སོག་སྐད་དུ་ཐུ་རལ་པའི་ཧུ་ཞེས་འབོད་པ་བོད་སྐད་དུ་བསྟན་སྲིད་ལ་རྒྱ་འཛིན་མཁན་ཞེས་པའི་དོན་ཡིན། ཁལ་ཁ་དང་ཨོ་རོད(ཇུན་གར)གཉིས་དམག་འཁྲུག་བྱུང་སྐབས་ཁལ་ཁའི་དམག་ཁྲོད་དུ་ཕེབས་ནས་ཕན་ཚུན་བར་འདུམ་འགྲིག་མཛད་པར་གྲུབ་འབྲས་ཆེན་པོ་བྱུང་བར་བརྟེན། སྟོང་འཁོར་ཆོས་རྗེ་དང༌། ཁལ་ཁའི་རྒྱལ་བློན་རྣམས་མགུ་ནས་ཏཱ་གུ་ཨཤྲཱི་ཞེས་པའི་ཆོ་ལོ་ཕུལ། གཙང་པ་རྒྱལ་པོ་དང༌། བེ་རི་དོན་ཡོད། སོག་པོ་ཆ་ཧར་ཆོག་ཐུ་བཅས་མཉམ་འབྲེལ་མནའ་མཐུན་བཙུགས་ཏེ། བོད་དབུས་གཙང་དུ་དགེ་ལུགས་པར་གནོད་འཚེ་ཚབས་ཆེན་ཕོག་པའི་སྐབས་ལ་བརྟེན། རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ་ ༡༦༣༧ ལོར་ཐོག་མར་མཚོ་སྔོན་དུ་ཡོད་པའི་སོག་པོ་ཆོག་ཐུའི་དཔུང་དམག་ཁྲི་བཞི་མ་ཟིན་ཙམ་ཡོད་པ་རྣམས་ཚར་བཅད་ནས་ལྷ་སར་ཕེབས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཇལ་བཅར་དང་རྟེན་འབྲེལ་ཞུས། ཏཱ་ལའི་བླ་མས་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་མཚན་བསྟོད་གནང༌། ལམ་ཞོར་དགའ་ལྡན་དུ་ཕེབས་ནས་རང་ཡུལ་དུ་ཕེབས། བེ་རི་དོན་ཡོད་ཀྱིས་ཆབ་མདོ་ཁུལ་དུ་དམག་དྲངས་ཏེ། རི་བོ་ཆེ་དགོན་པ་གཏོར་ཞིང་བླ་མ་གྲགས་ཅན་མང་པོ་འཛིན་བཟུང་བཙོན་འཇུག་བྱས། གཙང་ཁུལ་དུ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་གིས་བཀྲ་ཤིས་ལྷུན་པོའི་འཁྲིས་སུ་ཆོས་སྡེ་གསར་པ་བཀྲ་ཤིས་ཟིལ་གནོན་ཟེར་བ་བརྒྱབ་ནས། བཀྲ་ཤིས་ལྷུན་པོར་བཞུགས་བཟོད་མི་བདེ་བ་བཟོས་པ་སོགས་ཀྱི་གནས་ཚུལ་གསན་རྗེས། རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ ༡༦༣༩ ལོར་ཐོག་མར་གཙང་པ་རྒྱལ་པོའི་མནའ་འབྲེལ་བེ་རི་རྒྱལ་པོ་དོན་ཡོད་གཏོར་ཕམ་བཏང་ཞིང༌། བར་ཁམས་ནས་མཚོ་སྔོན་དུ་ཐད་ཀར་ཕྱིར་ལོག་གནང་ཁུལ་གྱིས་གྲ་སྒྲིག་གང་ཡང་མེད་པའི་གོ་སྐབས་དང་བསྟུན་ནས་གློ་བུར་དུ་གཙང་པ་རྒྱལ་པོར་དཔུང་འཇུག་བྱས་ཏེ། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ ༡༦༤༢ ལོར་གཙང་པ་རྒྱལ་པོའི་སྲིད་དབང་གཏོར་ནས་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེར་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཐོག་མར་འཛུགས་པར་རྒྱབ་སྐྱོར་ཤུགས་ཆེན་མཛད་ཅིང༌། གུ་ཤྲི་ཧན་རང་ཉིད་སྲིད་དབང་གསར་པའི་རྒྱབ་གནོན་སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ཕྱི་ལོ་ ༡༦༥༣ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་པེ་ཅིན་ནས་བོད་དུ་ཕྱིར་ཕེབས་གནང་སྐབས། གོང་མ་ཧྲུན་ཀྲིས་གུ་ཤྲི་ཧན་ལ་ཙུན་ཞིང་ཝེན་དབྱི་མིན་ཧུའི་གུ་ཤྲི་ཧན་ཞེས་པའི་གོ་གནས་ཐམ་ཀ་བཅས་གནང་བ་བོད་སྐད་དུ་བསྒྱུར་ན། གཞུང་བཟང་རྩི་སྲུང་དྲང་བདེན་ལས་སྐྱོང་མཛངས་ཅན་གུ་ཤྲི་ཧན་ཟེར། འདིའི་ཚིག་མཇུག་གི་གུ་ཤི་ཧན་ཞེས་པ་དེ་སྔོན་ཁལ་ཁའི་རྒྱལ་བློན་རྣམས་ཀྱིས་བསྔགས་བརྗོད་བྱས་པའི་ཚིག་དེ་རང་འཇགས་ཡིན་པའི་ཐོག དེ་མིན་གྱི་ཚིག་རྣམས་གསར་དུ་ཁ་སྣོན་བྱས་པ་ཞིག་རེད། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ཕྱི་ལོ་ ༡༦༥༤ ལོར་སྐུ་གཤེགས། འདས་མཆོད་ཀྱི་བྱེད་སྒོ་ཧ་ཅང་རྒྱ་ཆེ་བ་ཞིག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་ངོ་མས་བཀོད་སྒྲིག་གནང༌།

{{#arraymap:གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་

|; |@@@ | | }}