1410
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྐྱེ་བོ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེར་གྲགས་པ། ཀཱ་ལ་དུང་མཚོ་རས་པ་མཆོག་ནི། ཡར་ཀླུང་གཅེན་པ་སའི་གཡག་མཁར་སྔོན་པོར། ཡབ་ཞང་སྒོམ་འབྱུང་གནས་འོད། ཡུམ་ཁུ་མོ་ཁྱེའུ་འདྲེན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་གདན་ས་ཐེལ་དུ་སྤྱན་སྔ་གསེར་ཐོགས་པའི་དྲུང་ནས། སྐྲ་བཞར། ཆོས་ཞུས། ཤེས་རབ་རྒྱལ་མཚན་ཞེས་མིང་གནང་། ཡུལ་ན་འབྲུག་པའི་སྒོམ་ཆེན་བཟང་པོ་ཞིག་བཞུགས་པ་དེ་དང་། ལྷ་སྒོམ་གཉིས་ཀྱི་ཞབས་ལ་གཏུགས། རིན་པོ་ཆེ་རྡོར་བློ་བ་ལ་བསྙེན་པར་རྫོགས་ནས། རིན་ཆེན་བཟང་པོར་བཏགས། ཁ་རག་ལྷ་མཚོར་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞུས། བ་ཡུལ་གཡུ་མཚོར་དོན་འགྲུབ་པར་ལུང་བསྟན། དེར་རྗེ་སྒམ་པོ་པས་སྦས་པའི་གཏེར་གྱི་ཁ་བྱང་རྙེད། རྡོ་སྒྲོམ་ནང་ཆོས་གཏེར་ཤོག་དྲིལ་འདུག་པ་ཁྱེར་ནས་སྒམ་པོར་འོང་། འཕྲོག་མི་བྱུང་བར་དོགས་ནས་ཞག་མང་པོ་མ་ལོན་པར་བྲོས་ཏེ། ཙ་རིར་ཕེབས། ཀཱ་ལ་དུང་མཚོར་སྤྱིལ་པོ་བརྩིགས་ནས་ལོ་སྒྲུབ་ལ་བཞུགས། སྟོན་ཁ་བ་བབས་དུས་སུ། གནས་སྐོར་བ་བརྒྱད་བརྒྱ་ཙམ་བྱུང་བ། གཞན་རྣམས་ཡུལ་སྟོད་དུ་སོང་། རིན་ཆེན་མཛེས་བྱ་བས། ཁྱེད་ལ་གཏེར་ཆོས་ཟབ་མོ་ཡོད་འདུག་པ་དེ། ངས་ཞུ་བ་ཡིན་ཟེར། དེ་འདྲ་སུས་ཟེར་གསུང་། ཁྭ་ཏ་གཅིག་གིས་ཟེར་བ་ཡིན་ཟེར། ཁོ་དགེ་སྦྱོར་བཟང་པོ་ཡོད་པས། རོ་གཅིག་ཡན་ཆད་ཀྱི་བོགས་འདོན་བྱིན་པས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ནས་རས་པ་བརྒྱད་བརྒྱ་ལའང་ཁྲིད་བཏབ། ཕྱིས་ལྷོ་གཉལ་ལ་སོགས་པའི་ཡུལ་མང་པོར་འགྲོ་དོན་བསྐྱངས་པས། གཉལ་དུ་དྭགས་པོ་རིན་པོ་ཆེ་འཁྲུངས་སར་དུང་མཚོ་ལྷ་ཁང་སོགས་རྟེན་བཞེངས་མང་དུ་མཛད། མཐར་གྲང་མོའི་རྫ་ཆུ་དར་མོར་ཡུན་རིང་དུ་བཞུགས་ཤིང་བསྟན་འགྲོའི་དོན་མཛད་པས། སློབ་མ་ཤིན་ཏུ་མང་པོ་བྱུང་བ་ལས། གདམས་ངག་གི་བརྒྱུད་པ་འཛིན་པ་ནི། བླ་མ་འཁྲུལ་ཞིག་སྣའུ་བྱ་བྲལ་བ། ཙ་རི་རས་པ། བྱེ་མ་རས་པ། དོམ་ཚང་རས་པ། སྒྲོད་ལུང་རས་པ། སྟག་ཚང་རས་པ་ཡིན་ཞིང་། དེ་དྲུག་ཀ་ལ་བླ་མ་ཆོས་དབྱིངས་དབང་ཕྱུག་པས་གསན། དེ་ལ་སྐྱེས་མཆོག་འབའ་ར་བའི་དངོས་སློབ་ཆོས་རྗེ་བློ་གྲོས་བཟང་པོས་ཞུས་ནས་འབའ་ར་བཀའ་བརྒྱུད་ལ་འཕེལ་བ་དང་། འགྲོ་མགོན་བླ་མ་ཆོས་དབྱིངས་ལས་འཇམ་དབྱངས་ཉི་མ་འོད་ཟེར། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། མཚུངས་མེད་རྒྱལ་དབང་ཆོས་རྗེ། གྲུབ་ཆེན་ཤཱཀྱ་རྒྱལ་མཚན། གྲུབ་དབང་ཀུན་དགའ་རྒྱལ་འཕེལ། འཇམ་དབྱངས་ཆོས་ཀྱི་གྲགས་པ། ཀུན་སྤངས་སྒྱུ་མའི་གར་མཁན། དེས་ཀུན་མཁྱེན་པདྨ་དཀར་པོ་ལ་བསྩལ་བ་སོགས། ཀཱ་ལ་དུང་མཚོ་རས་པ་ནས་སེམས་ཁྲིད་ཀྱི་བརྒྱུད་པ་ངོ་མཚར་ཅན་བྱུང་ངོ་། །ཡང་དུང་མཚོ་རས་པའི་སྐྱེ་བ་གསལ་བར་དྲན་པའི་དུང་མཚོ་རས་པ་ཕྱི་མར་གྲགས་པ་ཞིག་ཀྱང་བྱུང་བ་དེས། སྒམ་པོའི་རྒྱབ་ཀྱི་མཚོ་ནག་པོའི་འགྲམ་ནས་རྫོགས་ཆེན་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་གདམས་སྐོར་རྣམས་སྤྱན་དྲངས་ཤིང་སྤེལ་བས་འོད་ལུས་སུ་གྲུབ་པ་མང་དུ་བྱོན་པར་བཤད་དོ། ། |
{{#arraymap:ཀཱ་ལ་དུང་མཚོ་རས་པ་
|; |@@@ | | }}