14380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་བྱ་ཕྱི་ལོ་ ༡༤༢༩ ལོར་ཁམས་འབོམ་ཡུལ་དུ་འཁྲུངས། བརྒྱད་པར་བླ་མ་ཀུན་དགའ་འབུམ་ལས་དགེ་བསྙེན་གྱི་སྡོམ་པ་བླངས། ཡི་གེའི་འབྲི་ཀློག་དང་། བྱམས་ཆོས་སྡེ་ལྔ། རོང་ཊིག་ཆ་ཚང་། གཡག་ཊིཀ་ཆེན་མོ་སོགས་རིམ་གྱིས་ཐུགས་འཛིན་མཛད། བཅུ་གསུམ་པར་ཀྱཻ་རྡོ་རྗེ་སོགས་གསང་སྔགས་ཀྱི་དབང་ལུང་མང་པོ་ཞུས། བཅུ་དགུ་པར་གཙང་དུ་གྲྭ་སྐོར་ལ་ཕེབས། རོང་སྟོན་ཆོས་རྗེ་ཉི་མ་དང་། བླ་མ་ཤེས་རབ་དཔལ་སོགས་ལས་དབང་ལུང་མང་དུ་ཞུས། ཉེར་ལྔ་པར་ཨེ་ཝཾ་དགོན་དུ་འཇམ་དབྱངས་ཀུན་དགའ་བཟང་པོ་ལས་ལོ་གསུམ་རིང་རྒྱུད་སྡེ་བཞི་སོགས་གསང་སྔགས་སྐོར་གྱི་ཆོས་མང་པོ་གསན། ཉེར་བདུན་པར་མཁན་པོ་མུས་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དཀོན་མཆོག་རྒྱལ་མཚན་ལས་ལམ་འབྲས་གཞུང་བཤད་གསན། མཁས་ཆེན་དམ་པ་བཅོ་བརྒྱད་ཙམ་བསྟེན། མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན། གངས་ཅན་མཁས་མང་ཀུན་གྱི་གཙུག་རྒྱན་དུ་གྱུར། སོ་གཅིག་པ་ནས་བཟུང་འཆད་ཉན་མཛད། ཀུན་རིག་དང་། ཀྱཻ་རྡོ་རྗེ། གསང་འདུས་སོགས་ལ་ལོག་སྨྲའི་རྒོལ་བ་མ་ལུས་པར་ཚར་བཅད། མདོ་ཕྱོགས་ཀྱི་བཤད་པ་ཉིན་རེར་ཆོས་ཐུན་བཅུ་རེ་ཙམ་མཛད། ཞེ་ལྔ་པར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་བཏབ། ང་གཅིག་པར་ས་སྐྱར་ཕེབས། རྟེན་ཁྱད་འཕགས་ཅན་དང་། དགེ་འདུན་མང་ཚོགས་ལ་མཆོད་པའི་བསྙེན་བཀུར་མཛད། ང་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས། གདན་ས་ལོ་ལྔར་བཟུང་། ང་བརྒྱད་པར་རྒྱལ་མཚན་དཀོན་མཆོག་འཕེལ་གདན་སར་བཀོད་ནས་ཟུར་བཞུགས་མཛད། དྲུག་ཅུ་པར་ས་སྐྱར་ཕེབས། རྟེན་བཞུགས་རྣམས་ལ་མཆོད་སྤྲིན་རྒྱ་མཚོ་ལྟ་བུ་ཕུལ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་འདའ་བར་མཛད། རབ་བྱུང་བརྒྱད་པའི་ས་བྱ་ཕྱི་ལོ་ ༡༤༨༩ ལོར་ས་སྐྱ་དགོན་དུ་སྐུ་གཤེགས། གསུང་རྩོམ་ལ། དབུ་ཕར་འདུལ་མཛོད་སོགས་དང་། སྔགས་ཕྱི་ནང་སོགས་པོད་བཅུ་གསུམ་དུ་བསྡུས་ནས་བཞུགས་སོ། །

{{#arraymap:གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་

|; |@@@ | | }}