14492
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ། རྒྱ་ནག་ཐང་རྒྱལ་རབས་དང་མཉམ་དུ་ཕན་ཚུན་དམག་མི་འདྲེན་པ་དང། ས་མཚམས་དབྱེ་བགོ་སོགས་ཀྱི་ཆེད་བོད་རྒྱའི་སྐུ་ཚབ་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱས་པའི་ཆིངས་དོན་རྡོ་རིང་ངོས་སུ་བརྐོས་ཏེ། བོད་ཀྱི་རྒྱལ་ས་ལྷ་སར་གཅིག ཐང་གི་རྒྱལ་ས་ཁྲང་ཨན་ལ་གཅིག བོད་རྒྱའི་ས་མཚམས་གོང་གུ་རྨེ་རུ་ལ་གཅིག་བཅས་བཙུགས་པ་ཡིན་ཞིང། གུང་གུ་རྨེ་རུ་ནི་སྐབས་དེར་བོད་རྒྱའི་ས་མཚམས་ཡིན། དེའི་སྐོར་དཔའ་པོ་གཙུག་ལག་ཕྲེང་བའི་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧ་ཤང་རྣམས་ཀྱིས་དཔང་པོ་མཛད། རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་བོད་རྒྱའི་ས་མཚམས་བྱས་ཏེ་དེར་བོད་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱ་རྗེའི་གཙུག་ལག་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་ལས་མེེད་དོ་བར་བགྲོས་ནས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། སོ་མཚམས་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲང། གལ་ཏེ་དྲངས་ན་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་ཡི་གེ་ལན་གསུམ་ཀློག་པས་བོད་ཐམས་ཅད་འཕུང་བར་འགྱུར། རྨེ་རུ་ཡན་ལ་རྒྱའི་དམག་མི་དྲང། གལ་ཏེ་དྲངས་ན་ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་གྱུར་ཅིག་ཅེས་བཙན་པོ་དབོན་ཞང་གིས་བདེན་པ་བཙུགས་ཏེ་དམོད་བོར། བོད་རྒྱའི་ཕོ་བྲང་གི་མདུན་སོ་མཚམས་རྨེ་རུ་དང་གསུམ་དུ་རྡོ་རིང་རེ་རེ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གི་གཙིགས་ཡིག་དང་བྲོ་ཚིག ངོས་ཆུང་གཉིས་ལ་བོད་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱི་གཙིགས་ཡིག་དང་བྲོ་ཚིག་བྲིས་ཏེ། དཀོན་ཅོག་གསུམ་ལྷ་ཀླུ་གཟའ་སྐར་སྐུ་ལྷ་ཐམས་ཅད་དཔང་དུ་བཙུགས་ཏེ་བཙན་པོ་དབོན་ཞང་གིས་དབུ་སྙུང་མཛད། ཅེས་འབྱུང་ལ། ས་ཆ་འདི་མཆོད་རྟེན་དཀར་པོ་ཡོད་ས་དང་གཅིག་ཡིན་པས་རྨ་ཙོང་ཀླུ་གསུམ་གྱི་འདུས་མདོ་ཡིན། |