14868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་གྲགས་པ་དཔལ་བཟང་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅུ་གསུམ་པ། བོད་རབ་བྱུང་བདུན་པའི་ས་ཁྱི་ཕྱི་ལོ་ ༡༤༡༨ ལོར་དར་ཡུལ་བྱེ་མ་གཞིས་ཀར་ཡབ་གྭ་ཟི་རིན་ཆེན་རྡོ་རྗེ་དང་ཡུམ་མི་ཉག་བཟའ་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་བཞིའི་སྟེང་སྟག་ལུང་དུ་ཆོས་རྗེ་བྱང་ཆུབ་རྒྱ་ཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞེས་ཤིང་། མཚན་ལ་ནམ་མཁའ་བཀྲ་ཤིས་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དཔལ་མོ་ཆོས་ལྡིང་དུ་རྗེ་བོ་དོང་པཎ་ཆེན་གྱི་དྲུང་ནས་བསྙེན་པར་རྫོགས་ཤིང་། མཚན་ལ་ངག་དབང་གྲགས་པ་དཔལ་བཟང་པོ་ཞེས་གསོལ། རྗེ་བྱང་ཆུབ་རྒྱ་མཚོ་དང་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ། ལ་ཕྱི་ནམ་མཁའ་རྒྱལ་མཚན་དང་འདུལ་འཛིན་བ་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མའི་དྲུང་ནས་གདམས་པ་རྒྱ་ཆེར་གསན་པར་མཛད། དཔལ་བརྟག་པ་གཉིས་པའི་རྒྱུད་དང་མཚན་རྗོད་སོགས་ལ་རྒྱ་དཔེ་དྲུག་ལ་བརྟེན་པའི་འགྱུར་བཅོས་གནང་བས་མཚོན་འགྱུར་བཅོས་དང་ཞུས་ཆེན་མང་དུ་མཛད། ཐང་འབྲོག་ཏུ་དགེ་འཕེལ་ཆོས་རྫོང་གསར་བསྐྲུན་དང་ལྷ་ཆུ་ལ་ལྩགས་ཟམ་བཙུགས། འབྲི་གུང་པའི་ཆོས་བརྒྱུད་ཆད་ལ་ཐུག་པས་དབང་རིན་ཆེན་ཆོས་རྒྱལ་དང་མང་ཐོས་རབས་འབྱམས་པ་དཀོན་མཆོག་རིན་ཆེན་གཉིས་ལ་སྔ་ཕྱིར་འཇིག་རྟེན་མགོན་པོའི་ཟབ་ཆོས་མ་ལུས་པ་གནང་སྟེ་ཆོས་བདག་པོ་ལ་འཕྲོད་དོ་གསུངས། སྐབས་དེར་འབྲི་གུང་དུ་རང་ལུགས་ཟབ་ཆོས་ཀྱི་རྒྱུན་ལྟ་ཅི་དཔེ་ཙམ་ཡང་དཀོན་པ་ལ་རིན་པོ་ཆེས་འདིས་རྨང་ནས་གསོས་ཤིང་རྒྱུན་མཐུད་པས་བཀའ་དྲིན་ཆེ་བར་གྲགས། སྟག་ལུང་པའི་གདན་ས་མི་ལོ་བཅུ་གསུམ་རིང་བསྐྱངས་ཤིང་། གསུང་རྩོམ་ཡང་དཔོད་ཆེན་རྒྱ་ལོང་པ་ཙམ་ཡོད་ཚུལ་གསལ། མཐར་དགུང་གྲངས་དོན་དགུ་བ་སྤྱི་ལོ་༡༤༩༦་ལོར་སྐུ་གཤེགས། སློབ་མའི་གཙོ་བོ་སྒམ་པོ་སྤྱན་མངའ་བ་དང་ཞྭ་དམར་ཆོས་ཀྱི་གྲགས་པ། འབྲུག་རྒྱལ་དབང་ཆོས་རྗེ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། འབྲུག་ངག་དབང་ཆོས་རྒྱལ། འབྲུག་སྨྱོན་ཀུན་དགའ་ལེགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། མཁས་གྲུབ་འཆི་མེད་དཔལ་བཟང་། དཔའ་བོ་གཙུག་ལག་ཕྲེང་བ། ཤ་ར་རབ་འབྱམས་པ་སངས་རྒྱས་སེངྒེ་། མི་ཉམ་རབ་འབྱམས་པ་གྲགས་པ་རྡོ་རྗེ། མང་ཐོས་རབ་འབྱམས་པ་དཀོན་མཆོག་རིན་ཆེན། ལྷུན་བདེ་རབ་འབྱམས་པ་དཔལ་འབྱོར་རྒྱ་མཚོ། དཔའ་བོ་ཆོས་དབང་ལྷུན་གྲུབ། སངས་རྒྱས་གཉན་པ་གྲུབ་ཐོབ། མདུང་ཚུགས་ནམ་མཁའ་དབང་ཕྱུག། ། གསེར་མདོག་དབོན་པོ་ཤཱཀྱ་རྒྱལ་མཚན། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། གླང་ཐང་སྤྱན་སྔ་བློ་གྲོས་རྒྱལ་མཚན། རྒྱལ་ལྷ་ཁང་པ་ཡོན་ཏན་རྒྱ་མཚོ། གློ་བོ་ཆོས་རྗེ་ཀུན་དགའ་མཆོག་གྲུབ། ས་སྐྱ་རྟོགས་ལྡན། འབྲས་སྤུངས་ཆོས་རྗེ་དབོན་པོ། ངོ་འཁྲོ་རབ་འབྱམས་པ་དབང་ཕྱུག་དཔལ། རབས་འབྱམས་པ་སྨོན་ལམ་དཔལ། འབྲི་གུང་རིན་ཆེན་ཆོས་རྒྱལ་སོགས་མདོར་ན་སྐབས་དེའི་མཁས་གྲུབ་ཕལ་མོ་ཆེས་རྗེ་འདིའི་ཞབས་ལ་མ་གཏུག་པ་མེད་པ་ལྟ་བུ་མངོན་ནོ། །། །