14892
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་དྲུག་པ་ངག་དབང་བསྟན་པ་གསལ་བྱེད་མཆོག་ནི། ཕྱི་ལོ་ ༡༨༧༨ ས་སྟག་གི་ལོར་འཛི་སྟོད་ཀྱི་ཕྱོགས་ཆར་ཨ་མགོན་ཞེས་པར་སྐུ་འཁྲུངས། དགུང་ལོ་བཅུ་བདུན་གྱི་སྟེང་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་འབྱོར་ལེགས་བླ་མ་རྡོ་རྗེ་འཆང་དུ་བསྟེན་ནས་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐུན་མོང་གི་སྔོན་འགྲོའི་ཁྲིད་ལུང་མཐའ་དག་ལེགས་གསན་གྱིས་ཉམས་ལེན་མཛད། ཐུན་མིན་གྱི་སྔོན་འགྲོ་དུས་འཁོར་ལྷན་སྐྱེས་ཀྱི་བསྙེན་བཟླས་དང་མཆོག་དབང་སྡོམ་པ་འབོགས་པའི་སྐབས་ཀྱི་མཚན་ངག་དབང་བསྟན་པ་གསལ་བྱེད་ཅེས་གསོལ། སྦྱོར་དྲུག་གི་ཉེར་མཁོའི་དབང་ལུང་མན་ངག་ཆ་ཚང་དང་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་སོགས་ཞུས། འཛམ་ཐང་དུ་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོའི་མདུན་དུ། དམ་པ་འདིས་བསྡུས་གྲྭ། ཚད་མ་རྣམ་འགྲེལ། ཕར་ཕྱིན་སོགས་གཞུང་ལུགས་དུ་མ་ལ་གསན་སྦྱང་རྒྱ་ཆེར་མཛད། དེ་རྗེས་གཙང་བའི་རྡོ་རྗེ་སློབ་དཔོན་དགེ་སྐོར་བླ་མ་དག་ཞིང་དུ་གཟིགས་ནས་སྒྲུབ་པའི་ཆོས་བརྒྱུད་ཉག་ཕྲ་བའི་སྐབས་སུ་སླར་ཡང་རྒྱས་སྤེལ་གྱི་ཆེད་དུ་གཙང་བ་གྲྭ་ཚང་བཅས་ཀྱི་བཀའ་ནན་ལྟར་དམ་པ་འདི་ཉིད་ཀྱིས་གཙང་བའི་གཟིམས་ཁང་གི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཁུར་བཞེས་དགོས་བྱུང་། ཉམས་ལེན་བྱེད་མཁན་གང་ཡོད་ཀྱི་སྒྲུབ་པོ་མཐའ་དག་ཐུགས་སློབ་ཏུ་རྗེས་བཟུང་ལེགས་པར་མཛད་ངོས་ནས་བསྐྱེད་རིམ་སྣ་ཚོགས་བཅས་ལོ་རེ་བཞིན་རྒྱུན་འཛུགས་ཡོད་པ་དེ་ཐམས་ཅད་ལ་བླ་མ་དམ་པ་གང་ཉིད་ཀྱིས་ཆོས་བཀའ་ལོ་རེ་བཞིན་སྔ་ཕྱི་རིམ་ཅན་དུ་དུས་འཁོར་དབང་ཆེན་འགའ་རེ་དང༌། མཆོག་དབང་ཆད་མེད་ཀྱིས་སྦྱོར་དྲུག་གི་ཆོས་ཁྲིད་སོགས་ལྷུག་པོར་སྩོལ་བའི་མཛད་བཟང་དུས་ནས་དུས་སུ་གནང་། ཀུན་མཁྱེན་རིན་པོའི་ཆེའི་བཀའ་པོད་དྲུག རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་བཅས་ལན་གཉིས་གསུངས་པ་སོགས་སློབ་ཚོགས་མཐའ་ཡས་པ་བསྐྱངས། དགུང་ལོ་དོན་དྲུག་བཞེས་པ་ཕྱི་ལོ་ ༡༩༥༣ ལོར་སྐུ་མྱ་ངན་ལས་འདས། གང་གི་ཐུགས་སློབ་མགར་བ་བླ་མ་འཇམ་དབྱངས། བླ་མ་མཁྱེན་ལྡན། འཇིགས་མེད་འབྱུང་གནས་སོགས་དང༌། དགེ་སློང་བློ་གྲོས་རྒྱ་མཚོ། མཁས་བཙུན་བཟང་གསུམ་གྱིས་མཛེས་པ་ཀ་ཐོག་ཐེག་མཆོག་སོགས་མཆིས་སོ། ། |