14893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བསྟན་པ་རབ་རྒྱས་ (1)
Part of speech མིང་ཚིག
Definition འཛི་ཡུལ་ཉིན་ཕྱོགས་ཀྱི་སྨད་གྲོང་སྡེ་བྱ་ཡུར་ཞེས་པར་ཡབ་ཝ་ཤུལ་འབྲུག་སྐྱབས་དང༌། ཡུམ་ཀྱ་བཟའ་པོ་ཀྱ་གཉིས་ཀྱི་སྲས་སུ་ཤིང་ཕག་ལོར་སྐུ་འཁྲུངས། དགུང་ལོ་བཅུ་དགུའི་སྐོར་ནས་བཟུང་ལོ་རེ་བཞིན་ནས་བསྐྱེད་རིམ། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་མནོན། མི་འཁྲུགས་པ་སོགས་ཀྱི་བསྙེན་སྒྲུབ་ཚད་ལྡན་དང༌། བསྙེན་རྫོགས་ཀྱི་སྡོམ་པའང་ལེགས་མནོས་མཛད་ཅིང༌། གཞན་བསྐྱེད་རིམ་སྣ་ཚོགས་དང་ཤངས་ཆོས་སྐོར་ལའང་ཉམས་ལེན་གནད་སྨིན་གྱིས་རང་དོན་རྟོགས་པ་ཆེས་ཆེར་འཕེལ་བར་བྱས་པ་ནས་དགུང་ལོ་ཉེར་ལྔ་སྐོར་དུ་ལྷ་བཟོ་རྡོ་རྗེ་འཆང་དག་ཞིང་དུ་གཟིགས་ཏེ་ཚོགས་བསགས་ཀྱི་སྒོ་རྒྱ་ཆེར་བགྱིས་ཤིང༌། དེ་ནས་ཀྱང་རིམ་པར་ཁོང་གིས་འཛམ་ཐང་གཙང་བའི་སྒྲུབ་ཁང་དུ་སྦྱོར་དྲུག་ལོ་གཅིག་ཏུ་ཉམས་ལེན་དང༌། སྐྱེས་ཆེན་དམ་པ་གཞན་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་དང༌། ཀུན་དགའ་མཁས་གྲུབ་དབང་པོ། ཀུན་དགའ་མཉམ་ཉིད་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་ཀྱང་མདོ་སྔགས་ཀྱི་ཆོས་བཀའ་ཟབ་མོ་ཆེས་མང་ལེགས་གསན་མཛད་པས་ཐུགས་མཚོར་ལུང་རྟོགས་ཀྱི་ནོར་བུས་ལེགས་པར་གཏམས་སོ། །དགུང་ལོ་ང་དྲུག་སྟེང་ནས་སྐྱབས་མགོན་སྐུ་ཞི་དབྱིངས་སུ་ཐིམ་པའི་རྐྱེན་གྱིས་ཁོང་གིས་རང་ཡུལ་དགོན་གྱི་ཆོས་གཞི་སྔར་ལྟར་སྐྱོང་བའི་ཐུགས་ཁུར་བཞེས་དགོས་བྱུང་བས་འདི་ནས་བཟུང་དགོན་དེའི་སྦྱོར་དྲུག་པ་དང་བསྐྱེད་རིམ་པ་གང་ཡོད་དག་ཐུགས་སློབ་ཏུ་བྱས་ནས་རང་རང་ལ་གང་འཚམས་ཀྱི་ཆོས་བཀའ་རྗེས་སུ་བཟུང་རིམ། སྦྱོར་དྲུག་ཆོས་ཚན་བླ་མ་བློས་ཕྲིན་སོགས་དང༌། བླ་མ་བློ་གྲོས་བཟང་སོགས། ངག་བློས་སོགས། བླ་རིག་སོགས། ངག་དབང་བཀྲ་ཤིས་སོགས། ཀུན་སྨོན་སོགས། ཀུན་དགའ་བཟང་སོགས། བླ་མ་མཁས་གྲུབ་དཔལ་སོགས། ཡར་ཐང་རྒྱ་སྤྲུལ་སོགས། གང་ཤར་སོགས། ཤེས་རབ་བཟང་སོགས། མཁས་ཚུལ་སོགས། འཇམ་དབྱངས་སོགས། དབྱངས་སྙན་སོགས། བླ་མ་བྱང་བཟང་སོགས། མཁས་དཔལ་སོགས་ཏེ། དེ་འདྲའི་ཆོས་ཚན་སོ་སོ་དང༌། དེ་དག་དང་དུས་མཉམ་པར་ནཻ་གུ་དང༌། བསྐྱེད་རིམ་སྣ་ཚོགས་སོགས་མཚམས་སྒྲུབ་པ་ཚན་སྔ་ཕྱི་མང་པོ་དང༌། ལོ་བསྟར་གྱི་དབྱར་གནས་པ་སོགས་དེ་ཀུན་ལ་རང་འཚམས་ཀྱི་ཆོས་བཀའ་དབང་ལུང་ཟབ་ཁྲིད་ཅི་དགོས་དང་དགེ་ཚུལ་སློང་གི་སྡོམ་པའང་སྔ་ཕྱིར་ལན་དུ་མར་གནང་། མཐར་ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ཉི་ཤུའི་དགོང་མོ་ཙམ་ན་ཉིད་སྐུ་སེང་གེ་ཉལ་སྟབས་ཀྱིས་བཞུགས་ཏེ་སྤྱན་གཉིས་ནམ་མཁར་གཟིགས་བཞིན་སྐུ་ཆོས་དབྱིངས་སུ་ཐིམ་ནས་ཐུགས་དམ་ལ་ཞག་དྲུག་ཏུ་བཞུགས་རྗེས་སུ་དཀར་དམར་ཇི་བཞིན་འབབ་པའི་རྟགས་དང་བཅས་ཐུགས་དམ་ལེགས་པར་བཀྲོལ་ཏེ་སློབ་ཚོགས་ཀྱིས་དགོངས་མཆོད་གདུང་རྟེན་སོགས་བསོད་ནམས་ཀྱི་བསགས་སྒོ་རྒྱ་ཆེར་བགྱིས་སོ། །