14897
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སྐོར་བླ་མ་ངག་དབང་བསྟན་འཛིན་གྲགས་པ་མཆོག་ནི། འཛི་སྨད་ཉིན་གྱི་ཆར་གཏོགས་ར་འོབ་ཅེས་པའི་ཡུལ་གྲོང་གི་སྡེ་དེར་དམུ་ཚ་རྒ་རིགས་ལས་བྱུང་བ་ཡབ་དགེ་སྐོར་ཚེ་དབང་དང་ཡུམ་ལྷ་ཚེ་བཟའ་གཉིས་ཀྱི་སྲས་སུ་ལྕགས་སྤྲེལ་ལོར་སྐུ་འཁྲུངས། འཛམ་ངོས་བླ་མ་འཇམ་དབྱངས་རྣམས་ཀྱང་དགེ་བའི་བཤེས་གཉེན་མཆོག་ཏུ་ལེགས་བཀུར་གྱི་སྒོ་ནས་དམ་པ་དེ་དག་གང་ཡང་རུང་བའི་ཞལ་སྔ་ནས་ཟབ་ཆོས་ཀྱི་དབང་བཀའ་སྒྲུབ་ཐབས་རིན་འབྱུང༌། རྒྱུད་སྡེ་རབ་འབྱམས་ཡོངས་རྫོགས། རྡོ་རྗེ་ཕྲེང་བ་སོགས་ཟབ་བཀའ་སྤྱིར་ཡང་ཆེས་མང་ནོད་རིགས་སུ་འདུག་ཅིང༌། གཞན་ཡང་བཤེས་གཉེན་དུ་མའི་མདུན་ནས་ཀུན་མཁྱེན་དོལ་པོའི་བཀའ་འབུམ་བཀླག་ལུང་སོགས་ལུང་གི་ཆོས་བཀའ་མང་པོ་དང༌། ཁྱད་པར་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་གང་གི་དྲུང་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཡོངས་རྫོགས་ཞུས་ནས་སྒྲུབ་ཁང་དུ་ལོ་གཅིག་ལ་ཉམས་ལེན་མཛད། སྦྱངས་པ་བླ་མའི་དྲུང་དུ་ནས་དགེ་འདུན་གྲངས་ཚང་བཅས་ཀྱི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བདག་གིར་བཞེས་ཏེ་སྐུ་ཚེ་གང་བོར་བཙུན་པ་རབ་ཀྱི་མཐར་ཐུག་པའི་བསླབ་པ་ཕ་མཐར་ཕྱིན་པ་ཞིག་ཏུ་གྱུར། འཛམ་ངོས་བླ་མ་འཇམ་དབྱངས་ཀྱི་དྲུང་ནས། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད། མགོན་པོ་བྲག་རྫོང་མ་སོགས་ཡི་དམ་གྱི་ལྷ་བསྙེན་མང་པོ་ཞིག་གི་དབང་ཁྲིད་ཞུས་ཏེ། རང་རང་སོ་སོའི་བསྙེན་སྒྲུབ་ཚད་ལྡན་ཀྱང་མཛད། བར་སྐབས་ཤིག་ནས་ཁོང་ཉིད་ཀྱིས་དམ་ཆོས་སོ་སོར་ཐར་པ་བསྟན་པའི་གཞི་མར་དགོངས་ཏེ་ཉིད་ནས་གཞན་དག་ལ་བསྙེན་རྫོགས་མང་དུ་འབོགས་པར་བྱས་པས་དགེ་འདུན་གྱི་སྡེ་ཡང་ཆེར་རྒྱས་སུ་སོང་བར་བརྟེན་འདུས་པ་མཆོག་གི་གཞི་དགེ་འདུན་དབྱར་གནས་པའི་གསོ་སྦྱོང་ཆོས་སྤྱོད་དགག་དབྱེ་སོགས་གོང་མའི་ཕྱག་སྲོལ་ལྟར་བསླབ་པ་ཡོངས་སུ་སྦྱོང་བའི་ཆོས་གཞི་ཁྱད་པར་བ་ཡང་ཡུན་རེ་ཞིག་གི་བར་དུ་ཚུགས་པར་མཛད། ཉིད་དགུང་གྲངས་རེ་གཅིག་པ་ལྕགས་སྤྲེལ་གྱི་ལོར། ཁོང་གིས་ཆེ་བགྲེས་འགའ་སྐུ་མདུན་དུ་བོས་ཏེ། ཞལ་ནས། ད་ལན་བྱང་ཤམྦྷ་ལ་ནས་མཆོད་བཀོད་རྒྱ་ཆེ་བ་དང་བཅས་ངེད་བསུ་མ་འདིར་ཐོན་གྱིན་འདུག་པས་ད་རེབ་སྔགས་ཀྱི་ཞིང་མཆོག་དེར་ཁོ་བོ་འགྲོ་ངེས་སུ་སེམས་ཐག་ཆོད་པས་ཁྱེད་རྣམས་མྱ་ངན་མ་བྱེད་ཅིག་ཅེས་སོགས་གསུང་འཕྲོས་ཞལ་ཏ་གང་དགོས་ཞིབ་པར་གནང་ནས་ཟླ་བ་དེའི་ཉི་ཤུ་གཉིས་པའི་ཕྱེད་ཡོལ་ཙམ་ན་ཁོང་གིས་ཉིད་མདུན་དུ་མཆོད་བཤམས་ལེགས་ངེས་ཤིག་བྱེད་དུ་བཅུག་མཐར་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་ཏེ་ཐུགས་འོད་གསལ་དུ་ཉེར་ཐིམ་མཛད་དོ། ། |