14908

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་འབྱོར་ལྡན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༢༡ ངག་དབང་འབྱོར་ལྡན་ནི། གཙང་རྒྱལ་རྩེའི་ཉེ་འདབ་དབང་ལྡན་དུ། ཕྱི་ལོ་ ༡༩༥༦ ལོར་ཡབ་ཚུལ་ཁྲིམས་བསྟན་འཛིན་དང་། ཡུམ་སྐྱིད་པ་གཉིས་ཀྱི་སྲས་སུ་འཁྲུངས། ཕྱི་ལོ་ ༡༩༧༠ ལོར་སེར་སྨད་མཁན་ཐོག་ ༨༢ པ་རྗེ་བཙུན་ངག་དབང་ཐེག་མཆོག་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ངག་དབང་འབྱོར་ལྡན་གསོལ། ཕྱི་ལོ་ ༡༩༧༢ ལོར་ཆོས་རྭར་ ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་རྒན་ཚུལ་ཁྲིམས་མཆོག་དང་། རྒན་འཕྲིན་ལས་སྟོབས་རྒྱས། རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་ཁག་གསན། དགུང་ལོ་ ༢༢ ཕེབས་པ་ཕྱི་ལོ་ ༡༩༧༦ དགེ་བའི་བཤེས་གཉེན་པོ་ཏོ་ཆེན་པོའི་སྐུའི་ཕྲེང་བ་འཛིན་པ་མི་ཉག་བྲག་རྒྱབ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ལོ་དེ་གའི་ནང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༨༨ ལོ་ནས་དགེ་ལུགས་རྒྱུགས་སྤྲོད་རིམ་བགྲོས་མཐར་ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༠ ལོར་ལྷ་རམས་དགེ་བཤེས་དམ་འཇོག་མཛད། ༡༩༩༡ ལོར་རྒྱུད་པར་ཕེབས། ཕྱི་ལོ ༡༩༩༧ ལོར་བྲག་ཡེར་པའི་ཊཱིཀྐ་དམ་འཇོག་མཛད། ཕྱི་ལོ་ ༡༩༩༩ ལོར་བླ་དབུ་དང་། དེ་ནས་རིམ་བཞི་མཁན་པོའི་ཕྱག་རྟགས་ཕེབས་པ་བཞིན་གནང་སྒོ་ཁག་ཀུན་གྱི་བཀུར་འོས་སུ་གྱུར། ཁོང་ནི་གདན་གསུམ་ནང་རྒྱ་གར་དུ་གསར་ཞུགས་བྱས་པའི་སློབ་གཉེར་བའི་ཁོངས་ནས་རྒྱུད་པའི་བླ་མ་གནང་མཁན་ཐོག་མ་ཡིན། དེ་ནས་རིམ་པས་སྲད་རྒྱུད་དང་། སེར་སྨད་མཁན་ཁྲིར་ཕེབས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་བཞིན་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སུ། ༈ རྒྱུད་སྟོད་མཁན་ཐོག་༡༢༢ བྲག་གཡབ་རྟོགས་ལྡན་སྐུ་ཕྲེང་གཉིས་པ་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི། ཕྱི་ལོ་ ༡༩༤༤ ལོོར་བྲག་གཡབ་མ་དགོན་ཟི་ཟོར་ཡུལ་དུ་ཡབ་ལྷ་བཟང་དང་། ཡུམ་བྱམས་པ་ལྷ་མཚོ་གཉིས་ཀྱི་སྲས་སུ་ཁྱིམ་གྱི་ཉེ་འཁྲིས་སྤང་ཐང་དུ་མ་ཎི་རང་བྱོན་འཁྲུངས་པ་སོགས་ལྟས་དང་བཅས་ཏེ་འཁྲུངས། སྐུ་གོང་མའི་ཞལ་སློབ་རྒན་རིན་ཆེན་ཆོས་གྲགས་ནས་གཅེས་སྐྱོང་གནང་ཐོག་བོད་ཡིག་འབྲི་ཀློག་སོགས་གང་ཅིར་གཟིགས་རྟོགས་གནང་། དགུང་གྲངས་ ༩ ཕེབས་པ་དབུས་སུ་ཕེབས་ཏེ་འབྲས་བློ་གླིང་དུ་ཆོས་ཞུགས་དང་། སྐུ་གོང་མ་དང་ལས་འབྲེལ་ཆེ་བའི་སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་སོགས་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་ཁག་སློབ་གཉེར་དང་། ཞར་བྱུང་དུ་༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ལ་སོགས་པའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་རྒྱུད་རྒྱ་མཚོའི་དབང་ལུགས་མན་ངག་སོགས་གསན་བསམ་མཛད་བཞིན་པའི་མུར། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་དབང་གི་བཙན་བྱོལ་དུ་ཕེབས། བོད་ཀྱི་ཐུན་མིན་རིགས་གཞུང་ནང་བསྟན་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་སྔར་གཞུང་ཆེན་སློབ་གཉེར་བྱེད་པའི་འཕྲོས་དབུ་ཕར་འདུལ་མཛོད་བཅས་ལ་སྦྱངས་བརྩོན་ཐོག ། དགེ་ལུགས་རྒྱུགས་སྤྲོད་ལོ་བདུན་བྱས་ཏེ། ཕྱི་ལོ་ ༡༩༨༡ དགེ་བཤེས་ལྷ་རམས་དམ་འཇོག་གནང་ཞིང་ལོ་འདིའི་དགུན་ཐོག་ནས་བཟུང་དད་ལྡན་ཁག་ནས་རེ་བསྐུལ་དང་གཙོ་ཆེ་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་ཧི་མ་ལ་ཡི་རི་རྒྱུད་སྤི་ཏི་དང་ལ་དྭགས་སོགས་ལ་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་འགྱུར་གྱི་ལྗགས་ལུང་ཐེངས་བཞི་བསྩལ་གནང་མཛད་པ་སོགས་དོན་གཉེེར་ཅན་མཐའ་ཡས་པའི་འདོད་པའི་རེ་བ་བསྐོང་བར་མཛད། ཕྱི་ལོ་ ༡༩༨༤ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་ཆོས་ཐོག་སོ་སོའི་བྱེད་སྒོ་གང་ཅིར་ལྷོད་མེད་ཐོག་གསང་འདུས་འགྲེལ་པ་བཞི་སྦྲགས་སོགས་འཆད་ཉན་ཞུ་དགོས་རྣམས་འཐུད་གཙང་མཛད། དེ་ནས་བྲག་ཡེར་པའི་སྔགས་ཀྱི་ཊཱིཀྐ་དམ་འཇོག་མཛད། ༡༩༩༩ ལོར་༸གོང་ས་མཆོག་ནས་རྭ་སྟོད་གྲྭ་ཚང་གི་མཁན་པོར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༣ ལོར་བླ་དབུའི་ཕྱག་རྟགས་ཕེབས་པ་ལྟར་ཆོས་སྲིད་གང་ཐད་ཚགས་སུ་ཚུད་པར་མཛད། ཕྱི་ལོ་ ༢༠༠༥ ལོར་མཁན་ཁྲིར་ཕེབས་ཏེ་འཆད་ཉན་སོགས་ལེགས་པར་བསྐྱངས། ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་ནས་ཐད་ཀར་འབྲས་བློ་གླིང་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་ཏེ་གནང་སྒོ་ཁག་ལེགས་པར་བསྐྱངས་པ་དང་དབང་ལུང་མན་ངག་བརྒྱུད་སྤེལ་བསྙེན་སྒྲུབ་སོགས་མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོ་ཆོས་ཕྱོགས་ཀྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་མུས་ཡིན་འདུག

{{#arraymap:ངག་དབང་འབྱོར་ལྡན་

|; |@@@ | | }}