14911
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཛི་སྲིབ་ཝ་འབྲོ་མགོ་ཞེས་པར་ཡབ་ལྷ་ཚེ་ལྷ་ཆུང་དང་ཡུམ་སོག་བཟའ་བསོ་འགྱུ་གཉིས་ཀྱི་སྲས་སུ་ལྕགས་ཡོས་ལོར་སྐུ་འཁྲུངས། ཆུང་མིང་འཇིག་ལི་ཟེར་ཞིང་དགུང་ལོ་བདུན་པར་སོག་པོ་བདེ་མཆོག་གི་ཟུར་དུ་ཡི་གེ་བསླབས་དུས་ནས་རིག་པ་གསལ་ཞིང་གསུང་སྐད་བཟང་བ་སོགས་ཡོན་ཏན་ཕལ་བ་ལས་ཁྱད་འཕགས་ཡོད་ལ། དགུང་ལོ་བཅུ་གཉིས་སྐོར་དུ་གཙང་བའི་གཟིམས་ཁང་དུ་སོང་ནས་ངག་དབང་ཆོས་འབྱོར་ཞབས་པའི་མདུན་དྲུང་དུ་སྦྱོར་བ་ཡན་ལག་དྲུག་གི་དབང་ཁྲིད་ཡོངས་རྫོགས་ཞུས་ཏེ་ཉམས་ལེན་ལོ་གསུམ་དུ་མཛད་དེ་མཚན་ངག་དབང་རིན་ཆེན་བཟང་པོ་ཞེས་གསོལ། འདི་སྐོར་དུ་འབའ་མདའ་བླ་མའི་མདུན་ནས་ཟབ་ཁྲིད་མཐོང་བ་དོན་ལྡན་ཀྱང་གསན། དེ་ནས་རིམ་པར་ལོ་འགའི་མཚམས་ཤིག་རེར་གཙང་པའི་སྒྲུབ་གྲྭ་གོང་མར་ལོ་གཅིག་ཏུ་སྦྱོར་དྲུག་སླར་ཡང་བསྒོམ། དེ་རྗེས་ཙམ་ན་གཟིམས་ཁང་དུ་འཁྲུལ་འཁོར་འགབ་མར་ལོ་གཅིག་བཞུགས་སྐབས་ཉམས་ལེན་བཟང་རབ་ཏུ་གྲགས། དགུང་ལོ་ཞེ་ལྔའི་སྟེང་ཙམ་ན་བླ་མ་ཟླ་བ་ཞིང་དུ་གཤེགས་ཁར་ཁོང་ཉིད་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཛད་ནས་དེ་ཕན་ཆད་དུ་འཛི་སྲིབ་དགོན་གྱི་སྒྲུབ་སྡེ་ལེགས་བསྐྱངས་ཀྱི་ཐུགས་ཁུར་བཞེས་ནས་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་མཛད་དེ་ལོ་ཉེར་དྲུག་བར་ཆོས་ཚན་སྔ་ཕྱི་རིམ་པས་རྗེས་སུ་བཟུང་སྟེ་ཟབ་ཁྲིད་མན་ངག་དབང་ལུང་ཅི་དགོས་མཐའ་དག་མཛད་ཡུལ་གྱི་ཆོས་ཚན་པ་རིམ་པས་དེ་ཕན་དུ་བྱུང་ཚུལ་ཐོག་མར་སྦྱོར་དྲུག་པ་བླ་མ་རིན་ཆེན་འོད་སོགས་ཀྱི་སྐོར་དང༌། དེ་ནས་རིམ་པ་བཞིན་སོག་པོའི་སྣང་བྱེད་སོགས་བཅུ་གཅིག བླ་མ་ཆོས་དབྱིངས་སོགས་དགུ། བླ་མ་ཚུལ་ཁྲིམས་བཟང་སོགས་ལྔ། ཆོས་རྡོར་སོགས་གཉིས། བླ་མ་ཡོན་ཏན་རིན་ཆེན་སོགས་བཅུ། བདེ་ཆེན་སོགས་བདུན། རིན་ཆེན་འོད་སོགས་དགུ། དེའི་བར་མཚམས་གྲྭ་པ་ལྔ་ཙམ་འབུམ་ལྔ་དང༌། ཡང་བར་སྐབས་སུ་གྲྭ་པ་ལྔ་སྦྱོར་དྲུག་པ་སོགས་དེ་ཐམས་ཅད་ཆོས་བཀའ་ཟབ་མོ་གང་འཚམས་ཀྱིས་བསྐྱངས། མཐར་དགུང་ལོ་བདུན་ཅུ་བའི་ལོ་དེའི་ཧོར་ཟླ་གཉིས་པའི་ཚེས་དགུའི་སྔ་དྲོ་ཙམ་ན་ཉེ་གནས་སློབ་བུ་འགའ་ལ་ཞལ་ནས། ད་ནི་ཁྱེད་ཅག་གིས་བྱིན་རྟེན་གང་དག་སྦྱོང་ལ་ཁོ་བོར་ལུད་ཅིག་གསུངས། དེ་ལྟར་བྱས་ནས་སློབ་ཚོགས་ཀྱིས་ཉིད་མདུན་དུ་ཡན་ལག་བདུན་པ་རེ་ཕུལ་མཐར་ཉིན་དེའི་ཕྱེད་ལ་ཐོན་ཙམ་ན་ཁོང་གི་ཞལ་འཛུམ་པ་དང་བཅས་ཨ་མཚར་གྱི་ཚིག་རེ་གསུང་བཞིན་སྤྱན་གཉིས་ལྟ་སྟངས་མཛད་དེ་རླུང་ཕྱིར་བུས་པ་ནང་དུ་རྔུབས་ནས་དགོངས་པ་རྫོགས་ཚུལ་དུ་བཞུགས་ཏེ་སྐུ་གཤེགས། |