15112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་སོང་གསུམ་གྱི་གནས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དམྱལ་བའི་གནས་གཞག་ཏུ་ཡོད་དེ། འཛམ་བུ་གླིང་འདིའི་འོག་དཔག་ཚད་ཉིས་ཁྲི་ན་མནར་མེད་ཡོད་ཅིང་། དེའི་སྒྲ་དོན་ཡོད་དེ། དེར་གནས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བར་ཆད་མེད་པར་མྱོང་བས་ན་དེ་ལྟར་བརྗོད། རང་འགྲེལ་ལས། སྡུག་བསྔལ་བར་ཆད་མེད་པས་ན་མནར་མེད་པའོ། །གཞན་དག་གི་སྡུག་བསྔལ་བར་ཆད་དང་བཅས་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། མནར་མེད་དེའི་རྒྱར་ཡང་དཔག་ཚད་ཉིས་ཁྲི་དེ་ཙམ་ཡིན་ནོ། །མནར་མེད་དེའི་སྟེང་ན་ཚ་དམྱལ་གཞན་བདུན་ནི་འོག་ན་རིམ་པ་བཞིན་དུ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གནས་སོ། །དམྱལ་བ་ཆེན་པོ་བརྒྱད་པོ་ལ་ཡང་འཁོར་སྡུག་བསྔལ་ལྷག་པར་མྱོང་བ་བཅུ་དྲུག་བཅུ་དྲུག་ཡོད་དེ། དེ་དག་རང་རང་གི་ཕྱོགས་བཞིར་མེ་མར་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། ཐལ་ཚན་གྱི་ཆུ་བོ་རབ་མེད་པ་རྣམས་ཡོད། གྲང་དམྱལ་བརྒྱད་ནི་སྟེང་ནས་རིམ་པ་བཞིན་དུ་ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱེ་ཧུད་ཟེར་བ། སོ་ཐམ་ཐམ་པ། ཨུཏྣལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་རྣམས་ཡིན་ནོ། །དེ་དག་གང་ན་གནས་པ་ཡང་ཡོད་དེ། ཆུ་བུར་ཅན་ཡང་སོས་ཀྱི་ཐད་ཀྱི་བྱང་ན་གནས་ཤིང་དེ་བཞིན་དུ་འོག་མ་རྣམས་ཀྱང་ཚ་དམྱལ་འོག་མ་དེ་དང་དེའི་ཐད་ཀའི་བྱང་ན་གནས། གཉིས་པ་ཡི་དྭགས་ཀྱི་གནས་བཤད་དུ་ཡོད་དེ། དེའི་གནས་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གིས་བསྐོར་ནས་ཡོད་པར་མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་ཕྱིར། གསུམ་པ་དུད་འགྲོའི་གནས་ཀྱང་ཡོད་དེ། དེའི་གནས་ཀྱི་གཙོ་བོ་ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡིན་ལ་ཁ་འཐོར་བ་ནི་མི་དང་ལྷའི་གནས་ནའང་ཡོད་པའི་ཕྱིར།
Domain ཆོས་ལུགས།