15113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་སོང་གསུམ་གྱི་ལུས་ཚད་ (1)
Part of speech མིང་ཚིག
Definition ཆོས་མངོན་པར། ངན་སོང་གསུམ་གྱི་ལུས་ཚད་ངེས་པ་མེད་པར་བཤད་ཅིང་། རྒྱལ་བའི་ཡུམ་དུའང་དམ་པའི་ཆོས་སྤོང་བ་དམྱལ་བར་སྐྱེས་པའི་ལུས་ཚད་བཤད་དུ་མི་རུང་བར་བཀའ་སྩལ་ཏོ། །བཟང་སྐྱོང་གིས་ཞུས་པར་དམྱལ་བ་འགའ་ཞིག་མ་གཏོགས་པ་ལ་རང་གི་ཁྲུ་བརྒྱད་ཡོད་ཅེས་དང་། དྲན་པ་ཉེར་བཞག་ཏུ་མཚམས་མེད་གཅིག་བྱས་པའི་མནར་མེད་ཀྱི་ལུས་དཔག་ཚད་གཅིག་ནས་ལྔ་བྱས་པ་ལ་དཔག་ཚད་ལྔའི་བར་ཡོད་ཅེས་དང་། མྱ་ངན་ལས་འདས་པའི་མདོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་ཞེས་དང་། དཀོན་མཆོག་ཏ་ལའི་མདོར། ཐེག་ཆེན་ལ་སྐུར་བ་བཏབ་པའི་དམྱལ་བའི་ལྕེ་ལ་དཔག་ཚད་འབུམ་ཡོད་ཅེས་དང་། ཉི་མའི་སྙིང་པོའི་མདོར། ཡི་དྭགས་ཆུང་བ་ལ་མཐོ་གང་དང་། ཆེ་བ་དཔག་ཚད་སྟོང་ཡོད་པ་དང་། དུད་འགྲོ་ཆུང་བ་ལ་སྐྲ་རྩེའི་ལྔ་བཅུའི་ཆ་དང་། གླང་པོ་རབ་བརྟན་དང་ས་སྲུང་གི་བུ་ལ་མཐའ་སྐོར་དུ་དཔག་ཚད་བདུན་དང་། རྒྱ་མཚོར་གནས་པའི་ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་ལས་ལུས་མ་འཕགས་པར་རོ་སྟོད་ཀྱིས་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ་ཐུབ་པ་ལ་ཆོས་ཉན་ཞེས་དང་། ལས་བརྒྱ་བར་ཆུ་སྲིན་ཆེ་བ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་ཅེས་དང་། རྣམ་པར་ཤེས་པ་འཕོ་བའི་མདོར། ཀླུ་དགའ་བོ་དང་ཉེ་དགའ་བོའི་ལུས་ཀྱིས་རི་རབ་ཀྱང་གཡོ་ཞིང་དབུགས་ཀྱི་དུག་གིས་རྒྱ་མཚོའང་བཏུང་དུ་མི་རུང་བར་བྱེད་ཅེས་དང་། ལུང་གཞིར། ཀླུ་གཉིས་ཀྱིས་རི་རབ་ལ་ལན་གསུམ་དཀྲིས་པར་བཀའ་སྩལ་ཏེ། ཀླུའི་ལུས་རྣམས་ནི་སྤྲུལ་པ་ཡིན་པ་ཡང་སྲིད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །
Domain ཆོས་ལུགས།